ཁྱོད་ཀྱི་ཤ་དྲོད་དང་བརྩེ་བ་དྲན་དུས།
དབེན་ཞིང་འཇགས་པའི་ཁང་མིག་དེ་ནི་སྐད་སྒྲ་མེད་པའི་སྒོམ་ཁང་ཞིག།
མི་ལ་ལྟ་བའི་རྣལ་འབྱོར་བ་ལ་བདེ་བའི་གནས་མལ་ཡིན་ཡང་སྲིད།།
འཁོར་བའི་ཀློང་ལ་ཞེན་པ་ཤོར་བའི་ང་འདྲའི་ཆགས་ལྡན་སྐྱེ་བོ་ཡི།།
ལུས་སེམས་གཉིས་ཀ་བཙོན་ལ་ཚུད་པའི་སྣང་བ་ཞིག་གིས་གཅུན་ནས་འདུག།
མེ་ལྟར་འབར་བའི་ཤ་དྲོད་དང་ནི་བརྩེ་བ་ཟབ་མོའི་འགྱུར་ཁུགས་ཀྱིས།།
སྣ་ཚོགས་སྐྱོ་བའི་འཇིངས་ལ་འཐིམས་པའི་སོ་སྐྱེས་བུ་ཆུང་ཁོ་བོ་ཡི།།
ཡིད་ཀྱི་དྲན་པའི་མེ་ཏོག་བཞད་ཀྱང་ངག་གི་སྒོ་འཕར་ཕྱེས་པ་འདིས།།
ཁྱོད་ནི་ང་ཡི་འཚོ་བའི་ནང་ལ་མེད་དུ་མེད་པའི་ནོར་བུ་ཞིག།
ཁྲེལ་དང་བརྩེ་བའི་ཕྱི་ཐག་རིང་བའི་མཛེས་སེ་བུ་མོའི་མིག་ཀོང་ན།།
རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་དྲི་མེད་ཤེལ་གྱི་གོང་བུ་ཞིག།
མགར་ཚང་སྨྱོན་པའི་ཁེར་སྡུག་ཀློང་ན་ལོ་ན་ཕྲ་བའི་བུ་མོ་ཁྱོད།།
ཡ་ཐོད་དཔྲལ་བའི་མིག་ཟུང་དང་ནི་སེམས་ཀྱི་དྲན་པ་འཁོར་ས་ཡིན།།
ཤོག་ཧྲུལ་ངོས་ཀྱི་ཕ་ཡུལ་དྲན་ཚུལ་དོན་མེད་ཚིག་གི་བེམ་རོ་སྟེ།།
རྩེ་གཞུང་མཐོང་བ་ཀུན་སྨོན་ཟེར་ཡང་སྙན་ངག་པ་ཡི་འུད་བསྟོད་ཡིན།།
སྙིང་དང་འདྲ་བའི་བུ་མོ་ཁྱོད་ནི་ཚོར་བ་ངོ་མོའི་སྙན་ངག་སྟེ།།
རྒྱང་བཞུད་བུ་ཡིས་ཕྱི་མིག་འཕེན་ས་ཕ་ཡུལ་མ་ཡིན་ཁྱོད་རང་ཡིན།།
ལྷུག་ལྷུག་གཡོ་བའི་མྱོས་བུམ་ཟུང་གིས་འབོད་པའི་གཡབ་མོ་མ་གནང་དང་།།
ངེས་འབྱུང་ཟེར་བའི་ཐ་སྙད་དེ་ཡང་ངག་ན་བཟློ་མཚམས་འཇོག་ལ་ཁད།།
ནང་ན་འཕྱུར་བའི་འདོད་པའི་མེ་ལྕེ་རྒྱབ་ཀྱི་གོས་འདིས་མ་ཐུམ་པར།།
ཚུལ་འཆོས་སྒྱུ་མའི་གར་ལ་རྩེན་པའི་བསམ་མེད་བུ་ཆུང་སྨྱོན་པ་ཞིག།
བུ་ཕོ་སྟོང་གི་མིག་དབང་འཕྲོག་པའི་སེམས་མེད་ན་ཆུང་སྒེག་མོ་ཚོ།།
ཁྱོད་ཀྱི་བརྩེ་བའི་ཤ་དྲོད་དྲན་ན་ཡང་སྤྲུལ་དམ་པའི་མིང་འཛིན་ཡང་།།
མཐོན་པོ་གསེར་ཁྲའི་སྟེང་ན་བཞུགས་ཀྱང་ངོ་ཚའི་གོས་དང་ཡོངས་བྲལ་ནས།།
རིག་རིག་སྤྱན་གྱིས་ཁྱོད་རང་འཚོ་ཞིང་ཟབ་མོ་ཐུགས་ཀྱིས་ཁྱོད་ཉིད་སྒོམ།།
སྲམ་གཟིག་པགས་པས་མཐའ་ཤན་རྒྱག་པ་གདོད་མིའི་མི་ཡི་ཆ་ལུགས་ཡིན།།
རྡོ་དང་ལྕགས་ཀྱི་བརྒྱན་ཆ་དེ་ཡང་དགོས་མེད་ལུས་ཀྱི་དཀའ་ཚེགས་ཏེ།།
བྱམས་ལྡན་ཕ་མ་ཟུང་གིས་གནང་བའི་ལྷན་སྐྱེས་ཤ་དང་ཁྲག་གི་མདངས།།
དེང་རབས་རྫས་དང་ཚོན་གྱིས་མ་བྱུགས་ཡུལ་གྱིས་བསྐལ་བའི་འབྲོག་ཕྲུག་མ།།
ནང་སྲེད་དམར་པོ་སྐད་ཅིག་ཤོར་ས་རིན་ཆེན་རྒྱུ་ནོར་མ་ཡིན་ལ།།
བརྩེ་བ་དྲོན་མོས་མི་སེམས་གསོ་བའི་ཁྱོད་ཀྱི་རིས་མེད་བྱམས་བརྩེ་ཡིན།།
དེ་བས་ལོ་དང་ཟླ་བ་སོང་ནས་ཕྱི་ཡི་ལང་ཚོ་རྒས་ནའང་།།
ཁྱོད་རྗེས་བསྙེགས་པའི་སེམས་པ་ཕྲ་མོ་རྒས་མེད་ལྷ་ཡི་བུ་ཆུང་ཞིག།
ཡིད་ཀྱི་སྲེད་པ་ནང་ལ་བཀག་ནས་ཁྱོད་ཀྱི་བརྩེ་བ་དྲན་ཞོར་དུ།།
དམ་པའི་ཆོས་ཀྱི་སྙིང་བོ་འཚོལ་བས་སྙིང་རུས་ཅན་རེ་སྐྱེས་ནའང་།།
ཁྱོད་ཀྱི་བརྩེ་བའི་སྙན་ཆ་དང་ནི་ཤ་དྲོད་འཇམ་པོ་དྲན་ཐེངས་རེར།།
ཕྱི་མིག་ཙམ་ཡང་མ་བལྟས་ཟེར་ནས་དེ་རིང་སུ་ཡིས་དཔང་བོར་བྱེད།།
འབྲོག་ཐང་སྨུག་པོའི་ལྟོ་བ་དང་ནི་ཞིང་ཚིགས་གྲུ་བཞིའི་རབ་ཁ་ན།།
ལ་གཞས་སྙན་མོ་ངག་ལ་འགུགས་ཞོར་ལས་ལ་བརྩོན་པའི་ན་ཆུང་མའི།།
ལྡེམ་མྱུར་ལུས་ཀྱི་གཡོ་འགུལ་བར་ན་ང་ཡི་སེམས་ནི་སྡོང་ལོ་བཞིན།།
ངེས་མེད་གཡོ་བའི་ངང་ཚུལ་དེ་ནི་ཁྱོད་ཀྱི་ནུས་པ་མ་ཡིན་ནམ།།
ཡ་གིའི་བྲག་གི་སྒོམ་ཆེན་པ་ཡིས་འཁོར་བར་སྙིང་བོ་མེད་ཚུལ་གྱི།།
ལེགས་བཤད་ཚིག་གི་གདམས་ངག་གནངས་ཀྱང་ཁོ་བོའི་སེམས་ནི་མ་ཁུགས་ལ།།
མ་གིའི་གྲོང་གི་ན་ཆུང་བུ་མོས་བརྩེ་བའི་འབོད་པ་མ་བཏང་ཡང་།།
ཡ་ཁོག་བྲང་གི་སེམས་པ་དམར་པོ་ཉིན་མཚན་མེད་པར་དེ་ལ་འཁྲེང་།།
ཞལ་དུ་བལྟམས་པའི་མིག་གི་བརྩེ་བ་རིང་ནས་བྱམས་པའི་གདོང་ལ་ཕྱོགས།།
ཁེར་རྐྱང་འཚོ་བའི་ཁ་དོག་སྐྱ་བོ་མི་འདོད་བཙན་གྱིས་ལུས་ལ་བསྐོས།།
ཉི་མ་ལྷ་སའི་བར་སྐོར་གླིང་གི་ཅང་མེད་སྤྲང་བོའི་ཚོགས་ལའང་།།
དཀའ་སྡུག་འཚོ་བའི་སྐྱོར་མར་རུང་བའི་བྱམས་པའི་བརྩེ་བ་ཡོད་རབས་ཐོས།།
བུ་མོ་ཞིག་གི་སེམས་གསོ་དྲན་ནས་ཟ་མའི་ཡི་ག་ཆད་དུས་དང་།།
སྟོན་ནམ་རིང་མོར་གཉིད་ཀྱིས་མ་ཁུགས་མལ་སར་འགྲེ་ལྡོག་རྒྱག་དུས་སུ།།
གང་དྲན་ཚིག་གི་ལམ་ནས་བྲིས་པའི་རང་སེམས་གསོ་བའི་འཆལ་གཏམ་འདི།།
བྱེ་བྲག་གཅིག་ལ་དམིགས་པ་མེད་པས་གནམ་ལ་བྲིས་པའི་རི་མོ་ཞིག།
རྩོམ་ཁུངས། ངེད་དྲ་བ།