དྲན་སྣང་།
གཟུགས་མེད་སེམས་པ་ཡི་ཁྲུང་ཁྲུང་།།
ལུས་པོའི་ཁང་སྟོང་ནས་འཕུར་ཏེ།།
ལེ་དབར་ཁྲི་ཕྲག་རེ་བཅད་ནས།།
ཕ་སའི་རི་གྲོང་དེ་སྐོར་ཐལ།།
ཕ་སའི་རི་གྲོང་གི་རྐང་ལམ།།
ཀྱག་ཀྱོག་གཡང་ གཟར་རེ་ཆེ་ཡང་།།
ཁུ་སིམ་ང་རང་གི་སེམས་པ།།
ཐང་དཀར་རྒོད་པོ་ལས་མགྱོགས་པ།།
སྔར་འདས་བྱིས་དུས་ཀྱི་སྤྲོ་གར།།
ཕ་སའི་རི་གྲོང་ལ་ལུས་ཡོད།།
དོན་སྤྱིའི་སྣང་བ་དེ་སྒོམ་དུས།།
བྲང་གཞུང་མཆི་མ་ཡིས་བཟུང་སོང་།།
ཨ་མའི་གཅེས་སྐྱོང་གི་འཛུམས་མདངས།།
སེམས་པའི་མཚོ་སྙིང་ནས་དྲན་དུས།།
ཡིད་སྐྱོའི་ན་བུན་གྱི་མུན་པས།།
མཚོ་མཐའི་འོད་སྣང་དེ་བསྣུབས་སོང་།།
སེམས་པས་ལུས་པོ་འདི་བཞག་ནས།།
ཡང་ཡང་ཕ་ཡུལ་ལ་ཤོར་དུས།།
ང་རང་ས་མཐའ་ཡི་གྲོང་ལ།།
སྡོད་བཟོད་བདེ་བ་རང་མི་འདུག །
ལྷང་ལྷང་སེམས་པ་ཡི་ནང་ལ།།
དྲན་སྣང་རླུང་བུ་ཞིག་ལྡང་དུས།།
རྒྱུས་མེད་མཚོ་མཐའ་ཡི་གྲོང་འདི།།
མྱ་ངམ་ཐང་ཆེན་ལས་སྐྱོ་བ།།
རིགས་དྲུག་སེམས་ཅན་གྱི་ཚོགས་ལ།།
ལས་དབང་དམ་ཕྲུག་རེ་མི་གཅིག །
ཕ་ཡུལ་དྲན་གདུང་གིས་མནར་བ།།
ཚེ་སྔོན་ལས་དབང་རང་ཡིན་སྲིད།།
ཕ་ས་བདེ་ལྡན་གྱི་ཞིང་སར།།
འཕུར་བའི་དུས་ཚིགས་ཤིག་འཆར་ན།།
ཁྲུང་ཁྲུང་དཀར་མོ་དེ་བཞིན་དུ།།
ནམ་འཕང་གཅད་ནས་ལོག་འགྲོ།།
རྩོམ་ཁུངས། ངེད་དྲ་བ།