བདག་གི་འབོལ་དེབ་དང་སྐད་ཆ་བཅད་མ།
ཁྲ་ཆུང་མིག་གི་སྣང་ངོར་དབྱིབས་དང་ཁ་དོག་གང་གིས་མ་སྣང་བའི།།
ཡུལ་ལམ་དུས་སོགས་གང་གིས་བར་དུ་ཆོད་པའི་འོད་ཟེར་གང་རུང་བ།།
སྣ་ཚོགས་ཚོན་ཁྲ་དཀར་དམར་ཟེར་མས་གཡས་དང་གཡོན་ནས་སྤྲས་ན་འང་།།
སྟོབས་ཆེན་མུན་པའི་དཔུང་ཤེད་རྒྱས་པའི་མཚན་མོ་དང་ནི་ཁྱད་པར་ཅི།།
འུག་པའི་མིག་ལ་འཚེ་བར་མི་འགྱུར་ཉི་མ་བསུབ་པའི་མུན་པ་བཞིན།།
སྐྱེ་བོ་རྣམས་ཀྱང་རུབ་པར་མི་དཔེ་མུན་ནག་བདའ་བའི་ཉི་མ་ལྟར།།
ཀུན་ཀྱང་སྤྲོ་འམ་དགའ་འམ་གང་ལྟར་རྒྱས་པའི་ཕྱོགས་སྐྱོངས་འོད་ཟེར་ཞིག།
ཁམས་གསུམ་འདི་རུ་ཡོད་སྲིད་སྙམ་ན་རྙེད་འདོད་སྐོམ་པ་གླག་ལ་ཚ།།
འདི་ལ་ཉན་ཚེ་འདི་ནི་བདེན་ཏེ་གན་ནི་རྫུན་མ་ཡིན་འདུག་གིས།།
སླར་ཡང་གན་ལ་ཉན་ཚེ་མ་རེད་འདི་གན་གཉིས་ཀ་རེད་འདུག་པའི།།
བསམ་ཤིང་བརྟག་ཚེ་མ་གཞི་རང་ཉིད་ལས་ནི་བདེན་པ་མི་འདུག་གིས།།
སླར་ཡང་བསམ་ཚེ་རང་ཡང་རྫུན་ཏེ་འདི་གན་གཉིས་ཀྱང་རབ་རིབ་ཅིག།།
གང་ལྟར་བསམ་བཞིན་མ་ཡིན་ཤེས་དུས་འཇིག་རྟེན་འདི་ན་འདུར་གྱིན་འདུག།
སྒོར་སྒོར་མིག་གི་ཡུལ་དུ་མཛེས་མིན་ཡག་བཙོག་སྣ་ཚོགས་འཁོར་བཞིན་འདུག།
འགྲིག་མིན་བརྡར་ཤ་དག་ཀྱང་རང་གི་བློ་ཡིས་ཐག་གིས་གཅོད་ཀྱིན་འདུག།
དེ་ཡི་རྗེས་འབྲང་རྣམ་འགྱུར་དག་ཀྱང་ཁ་དང་སྐྱི་མོ་འདུས་ཏེ་སྟོན་གྱིན་འདུག།
སངས་རྒྱས་ཐུབ་པས་ཉེར་དགུའི་སྟེང་ནས་བྱང་ཆུབ་ཤིང་གི་རྩ་ནས་སྟོང་ཉིད་རྙེད།།
ཐེ་གོར་ལ་སོགས་བདུན་པའི་སྨད་ནས་སྙན་ངག་ཚིག་གི་སྦྱོར་བ་ཤར་མར་གཤར།།
བྷེ་ཏོ་ཧྥིན་གྱིས་བརྒྱད་པའི་སྐབས་ནས་རོལ་ཆས་སྣ་མང་ཀུན་གྱི་རྣ་ཆར་དཀྲོལ།།
གླག་གིས་ད་དུང་གང་ཡང་མ་གྲུབ་ལོ་ནི་རྒས་པས་བྲེལ་ཤ་མི་ལངས་ཅི།།
སྣང་བཞིན་མེད་དམ་མཐོང་བཞིན་མི་འདུག་ལ་སོགས་གང་གིས་གང་མང་བྱོ་ཡང་རུང་།།
མཁྲེང་ཟླུམ་རྒྱས་པའི་སྒྲོལ་མའི་འཛུམ་ལ་བཙན་གྱིས་ཞེད་སྣང་སྒོམ་དོན་མ་རྙེད་ནས།།
ཆགས་དང་དགའ་དང་སྡང་སོགས་ལྷན་སྐྱེས་གཤིས་སུ་གྲུབ་པའི་སེམས་བྱུང་ཁྲི་མ་འབུམ།།
ཉེས་པར་མ་ཟིན་ཚད་མར་མ་བཟུང་བཅས་མའི་འཛིན་སྙོམས་ཀྱང་དེ་དང་དེ་བཞིན་དུ།།
སུ་ཞིག་དོང་ལས་འདྲེན་པའི་སྐྱབས་མགོན་ང་མིན་ང་ནི་གླག་མིན་གླག་ཀྱང་ང་རང་མིན།།
གླག་ནི་བྱ་ཞིག་བྱ་དེའི་མིང་གིས་རང་ལ་བོས་པ་བྱ་ཡི་གཤོག་པར་དུངས་ཤིང་དགའ་བས་ཡིན།།
སེམས་ཀྱིས་ཅི་དྲན་ཇི་བཞིན་བརྗོད་འདོད་མ་ཟད་སུ་ཞིག་འཁོར་ཏུ་བསྒྱུར་བའི་དོན་དག་མིན།།
དེ་བས་མྱི་ཁར་སྔངས་ནས་སྔོན་བཤད་ཚིག་རྣམས་སྦས་ཏེ་ལྕེ་རྩེ་གར་ཏུ་འཁྲབ་རྩིས་མེད།།
དལ་མོ་ཤ་ལེར་སྒང་གི་ལྟོ་རུ་གྱེན་དུ་འཐེན་པའི་ཀྱ་ཀྱུ་རྒྱུ་མ་ལྟ་བུའི་རྐང་ལམ་དུ།།
གློ་བུར་ཡིད་དུ་དེབ་གསར་སྟེང་གི་བཏགས་ནོར་རེ་ཤས་དྲན་ཏེ་ཅུང་ཟད་ཕངས་ཚུལ་བསྟན།།
པར་དུས་རང་གིས་ནན་ཏར་མ་བྱས་རྩེད་འཇོས་ཁྱེར་བར་ལེ་བདའ་བྱེད་ཞོར་དུ།།
ཀྰ་ལི་དང་ནི་ཨྰ་ལི་ཅན་པོར་དགོང་དག་ཞིམ་པོ་ཀློག་པོ་རྣམས་ལ་ཞུ་སོ་ལོ།།
དེབ་འདིའི་མགོ་རྔར་བསགས་མཁན་འདུར་མཁན་ཕ་སྤུན་ཕུ་བོ་ནོར་རྒྱལ་དང་།།
ཁ་བ་དང་ནི་འཇམ་རྡོར་ལ་སོགས་ད་དུང་མེ་སྒྲེན་དང་བཅས་གྲོགས་མང་པོ།།
རེ་ཞིག་སོགས་སྒྲ་ཞིག་ཏུ་བསྐུང་ཀྱང་ཆོག་མོད་དགེ་ཐོན་ཚང་གི་སྟོབས་ལྡན་ལ་སོགས་པས།།
གསོལ་སྟོན་བཤམས་ནས་ཤིས་ཚིག་མང་དུ་སྦྱར་བ་སེམས་ལ་འཁྱིལ་བའི་ཉི་ཟེར་ཡིན།།
དར་མཚོ་མ་ཟེར་སྤྲེལ་རྫོང་མ་རེད་ཧང་རྫོང་མི་ཤེས་ཡང་ན་ཞིན་ཧེ་སོགས་ཀྱི་མཚན་མང་བས།།
ང་ཡི་ཕ་ཡུལ་མིང་ལ་རེ་ཞིག་ཅི་ལྟར་འབོད་དགོས་མི་ཤེས་འཐོམས་པར་བྱས་ཡོང་མོད།།
སླད་ཆར་ཀུན་གྱི་རྣ་ལ་ལོབས་པའི་ཞིན་ཧེ་ཞེས་པའི་སྙན་རྒྱུ་མེད་པའི་མིང་གིས་བོས་གྱུར་ནས།།
དེ་ནས་ང་རང་ཆུང་ཆུང་དུས་སུ་སློབ་གྲྭར་བདའ་མཁན་ཕ་མ་གཉིས་ལ་བཀའ་དྲིན་ཞུ་བའོ།།
9/14/2011
རྩོམ་ཁུངས། ངེད་དྲ་བ།