ཀ་བཤད་སྒོར་མོ་བྱུང་ན།
ཀ་ར་རྒུན་འབྲུམ་བསམ་པའི་ལོ་ཆུང་གི་བྱིས་པ་འགའ།
སྒོར་མོ་བྱུང་ན་དྲིན་ཅན་ཨ་མའི་མཚན་ཡང་སྙིང་ནས་བརྗེད།
ཁ་འདོན་ཆད་མེད་སྐྱོར་བའི་མགོ་སེར་གྱི་ཆོས་པ་འགའ།
སྒོར་མོ་བྱུང་ན་ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་པ་དོར།
ག་བཏང་གོ་ཆོད་དེང་གི་དམངས་ཞབས་ཀྱི་ལས་བྱེད་འགའ།
སྒོར་མོ་བྱུང་ན་དམངས་ཕན་བྱ་བ་རྣ་རྒྱབ་ལྷགས་པ་འདྲ།
ང་དང་ཁྱེད་ཟེར་རང་རིགས་གདོང་དམར་གྱི་རྒྱུད་པ་རྣམས།
སྒོར་མོ་བྱུང་ན་ཕ་མེས་རིག་གཞུང་སྐྱུར་རྩིའི་ནང་དུ་ཐིམ།
ཅ་ཅོའི་གཏམ་གྱི་དུས་འདའི་ཁྲོམ་གཞུང་གི་ཁྱམ་པོ་བ།
སྒོར་མོ་བྱུང་ན་ཕ་བུའི་བརྩེ་དུང་ཐལ་བའི་རྡུལ་དུ་བརླག།
ཆ་འཇོག་ཡིད་ཆེད་ཡོད་པའི་འཁྲུལ་མེད་ཀྱི་ཁ་ལོ་བ།
སྒོར་མོ་བྱུང་ན་མི་ནུས་རིན་ཆེན་ཁྱི་དང་མཉམ་པར་མངོན།
ཇ་ཁང་ཆང་ཁང་འགྲིམས་པའི་གཞོན་སྐྱེས་ཀྱི་ཕོ་མོའི་ཚོགས།
སྒོར་མོ་བྱུང་ན་བརྩེ་དུང་ལག་མདངས་འབྲེལ་བ་ཞག་རེ་ཙམ།
ཉ་ག་ལག་དུ་བཟུང་བའི་ཁྲོམ་གཞུང་གི་ཚོང་པ་འགའ།
སྒོར་མོ་བྱུང་ན་ཕན་མེད་དངོས་པོ་ཡིན་ཡང་རྗུན་གྱིས་ཚོང་།
ཏ་ལའི་ཆང་གིས་མྱོས་པའི་བཟི་བོ་ཞིག་ཡིན་ན་ཡང་།
སྒོར་མོ་བྱུང་ན་རིག་པ་གསལ་ཞིང་འཁྲུལ་མེད་བརྩི་བར་བྱེད།
ཐ་ཟད་འཁུན་སྒྲ་སྦྱིན་པའི་མལ་ནང་གི་ནད་པ་ཡང་།
སྒོར་མོ་བྱུང་ན་ཞལ་རས་འཛུམས་མདངས་འཕྱུང་ཞིང་ན་བའང་བརྗེད།
ད་ཆ་སློབ་ཆུང་འགྲིམས་པའི་གཞོན་སྐྱེས་ཀྱི་སློབ་མ་ཡང་།
སྒོར་མོ་བྱུང་ན་སློབ་སྦྱོང་མི་བསམ་དྲ་ཁང་ནང་དུ་ཤོར།
ན་ཚོད་བརྒྱ་ལ་ཉེ་བའི་གླིང་སྐོར་གྱི་སྤོ་རྨོ་ཡང་།
སྒོར་མོ་བྱུང་ན་གླིང་སྐོར་མི་བསམ་ཡུལ་སྐོར་སྤྲོ་འཆམ་བསམ།
པ་སངས་ལས་ཀྱང་ལྷག་པའི་དྲིན་ཆེན་གྱི་ཕ་མ་འགར།
སྒོར་མོ་བྱུང་ན་རང་ཕྲུག་ མི་བསམ་ཤོ་དང་སྦག་ལ་གཡེང་།
ཕ་ཝང་སྤུ་མེད་ཟེར་ཡང་ལང་ཤོར་གྱི་གཅེས་ཕྲུག་འགའ།
སྒོར་མོ་བྱུང་ན་དྲོ་སྐྱིད་མི་བསམ་ཕ་མ་སྡུག་ལ་སྦྱོར།
བ་ཤེ་གླངའགེལ་ཟེར་བདེན་གོང་རིམ་གྱི་ཁྲིམས་དཔོན་འགའ།
སྒོར་མོ་བྱུང་ན་དྲང་སེམས་མི་བསམ་ཁྲིམས་ལུགས་འཁྱོག་པ་མང་།
མ་རུང་ཁོག་བཅུག་བསམ་པའི་ཕྱི་ཕྱོགས་ཀྱི་དགྲ་བོ་ཡང་།
སྒོར་མོ་བྱུང་ན་འཁོན་འཛིན་མི་བཅངས་ཤ་ཉེ་སྤུན་ལྟར་དུང་།
ཙ་གི་ཙི་གིའི་བྱ་བར་གཡེང་བའི་ཞིང་གྲོང་གི་ནང་མ་ཡང་།
སྒོར་མོ་བྱུང་ན་ཁྱིམ་ལས་མི་བསམ་གཏོང་བསམ་ཉི་མ་ཁྱོལ།
ཚ་གྲང་དཀའ་བར་མི་སྐྲག་རི་གྲོང་གི་སོ་ནམ་པ།
སྒོར་མོ་བྱུང་ན་ཞིང་ལས་མི་ནུས་སྐྱུར་རྩིས་ཉི་མ་བསྐྱལ།
ཛ་ཏི་སྨན་བཟང་སྦྱིན་མཁན་གོས་དཀར་གྱི་ལྷ་རྗེ་འགའ།
སྒོར་མོ་བྱུང་ན་རིམ་འགྲོའི་ནད་པར་འཕྲལ་བསིལ་སླ་བཅོས་ཤོར།
ཝ་ལྤགས་དབུ་ལ་གྱོན་པའི་བྱངཐང་གི་འབྲོག་པ་ཡང་།
སྒོར་མོ་བྱུང་ན་གཡག་ལུག་མི་བསམ་གྲོང་ཁྱེར་འདུ་འཛིར་ཕྱོགས།
ཞ་བོ་ཞ་ར་མ་ཟེར་བདེ་ཐང་གི་སྐྱེ་བོ་འགའ།
སྒོར་མོ་བྱུང་ན་དོན་མེད་སྐྱོན་ཅན་བཟོ་བའི་ངང་ཚུལ་སྐྱོ།
ཟ་མ་རག་ཐབས་བྱེད་པའི་ལམ་བཞི་ཡི་སློང་མོ་བ།
སྒོར་མོ་བྱུང་ན་དགའ་སྤྲོའི་གླུ་དབྱངས་ཁུ་བྱུག་སྐད་ལས་སྙན།
འ་འུར་འཁྲུག་ཆ་དོད་པའི་ཨར་ཁང་གི་འཇུད་མཐུན་མ།
སྒོར་མོ་བྱུང་ན་གཞན་སེམས་བསླུ་བ་དངོས་གནས་ཞབས་འདྲེན་རེད།
ཡ་ཡུད་ཚ་བའི་ཕྱུག་བདག་སྟོབས་ཆེན་གྱི་བུ་ཕྲུག་ཀྱང་།
སྒོར་མོ་བྱུང་ན་རེག་པས་མྱོས་ཤིང་རང་སྲོག་ལས་ཀྱང་གཅེས།
ར་གན་གསེར་བརྫུས་ལྟར་གྱི་རིམ་ཁག་གི་དཔོན་ཆེན་འགའ།
སྒོར་མོ་བྱུང་ན་གཞུང་སྒོ་མི་རྒྱུད་ལྟ་སྒོའི་ལས་ལ་བྲེལ།
ལ་དགུ་ཀླུང་དགུ་བཤར་བའི་རྒྱང་ཕེབས་ཀྱི་སྐུ་མགྲོན་ཡང་།
སྒོར་མོ་བྱུང་ན་གནས་ཚང་མི་གཡར་གསོལ་མགྲོན་ཁང་ལ་བསྐྱོད།
ཤ་རུས་གཅིག་པའི་ཁ་མཐུན་གཞི་མཐུན་གྱི་སྤུན་མཆེད་ཀྱང་།
སྒོར་མོ་བྱུང་ན་སེམས་པ་འཁྲུག་ཏེ་སྔོ་ལོ་འཕྱར་བ་མང་།
ས་སྟེང་འདི་རུ་སྐྱེས་པའི་མི་ལུས་ཀྱི་རིན་ཆེན་འདི།
སྒོར་མོ་བྱུང་ན་ཤིན་རྗེའི་དྲུང་དུ་བསྐྱོད་པ་ཤིན་དུ་ཕངས།
ཧ་ཅང་དྲང་པོར་བཤད་ན་དེང་དུས་ཀྱི་སྤྱི་ཚོགས་ལ།
སྒོར་མོ་བྱུང་ན་མ་ལེགས་མ་དགོས་རང་ནི་མ་ཡིན་ཡང་།
ཨ་རྩི་མ་ཡུམ་ཀྲུང་གོའི་བསིལ་ལྗོངས་ཀྱི་སྐྱེ་བོ་རྣམས།
སྒོར་མོ་བྱུང་ན་ཆར་སྣེ་རླུང་འཁྲིད་ལམ་དུ་མ་འགྲོ་ཨང་།
རྩོམ་ཁུངས། ངེད་དྲ་བ།