གཙོད་གྲོང་གི་མཚན་མོ།༼ཞར་བཀོད་གཅིག་ཡོད༽
གཉིད་དང་ངལ་བས་གཏིབས་པར་གྱུར་བའི་མནོག་ཆུང་བདག་གི་ལུས་པོ་འདི། །
རྙི་ལ་ཐེབས་པའི་ཉ་མོ་བཞིན་དུ་བརྩེ་བའི་མཚོ་ལ་རྔམ་པ་ཆེ། །
ཁྲག་དང་འཆི་བའི་རྨི་ལམ་ཀློང་དུ་ཧྲེང་ངེར་ལུས་ཤིང་སྨྲེང་བའི་དུས། །
ཤ་སྐྱིའི་ན་ཚ་རྨང་ནས་བརྗེད་དེ་ཆང་དང་དགའ་མ་ཁོ་ན་འདོད། །
གཏམ་དང་ཀུ་ཅོས་སྙིང་རྣམས་སྦོས་པའི་གྲོགས་པོ་འགའ་ལ་འཕྲད་པའི་སྐབས། །
ཚིག་གི་སོག་མ་ལྕེ་ཡིས་ལྡག་གིན་བདེན་པའི་དེ་ཉིད་སྐད་ཀྱིས་བོས། །
མཛེས་པའི་སྣང་བ་མིག་གིས་བསླེ་བཞིན་འཆི་བའི་མཐའ་ལ་ལག་པ་བསྲིངས། །
ཚེ་ཡི་འཕྲུལ་འཁོར་འཇིག་སོང་སྙམ་བཞིན་ཞེད་པའི་རྐང་སྟབས་མྱུར་དུ་བསྒྱུར། །
མདུན་དུ་འབུར་བའི་ཟངས་མདོག་མེ་ལོང་གློག་ཞུ་འཇམ་པོས་སྦར་བའི་ཚེ། །
གཙུག་གི་སྐྲ་ལོ་རྡུལ་གྱིས་བརླམས་པའི་བགྲེས་པོ་རེ་གཉིས་ཉེ་བར་འོང་། །
ལོ་ཟླའི་སྙུང་གཞི་རྐང་དུ་སིམ་པའི་ཁོ་བོ་ཅག་གི་ཞལ་དཀྱིལ་དུ། །
མཉེས་པའི་འཛུམ་ཟེར་ཅུང་ཟད་མེད་ལ་ཁྲོས་པའི་གཉེར་མ་སྔར་བཞིན་སྟུག །
གནའ་བོའི་གཙོད་ཁྱུ་རྒྱང་དུ་བྱེར་བའི་མཁར་གྲོང་འདི་ཡི་རྡོ་གཅལ་དུ། །
གཤེ་བའི་རི་མོ་ལན་འགར་བྲིས་ཀྱང་སྡིགས་ཆེན་ལག་པ་ག་ནས་ཟིན། །
ཤོག་སྒོར་སྲབ་མོའི་སེང་རས་ངོགས་ནས་མི་ཚེའི་སྙིང་བོ་ལེན་པ་ཡི། །
སྤྲང་ཕྲུག་འགའ་ལ་འུར་བཤད་བགྱིས་ཏེ་བདག་གི་གྲེ་བ་བརྣངས་པར་གྱུར། །
སྨུག་པ་ཡང་མོས་བར་སྣང་གཡོགས་ཏེ་དྲན་པའི་ཟླ་བ་མི་མཐོང་ཞིང་། །
སེམས་ཀྱི་གཙང་ཆུ་བགས་ཀྱིས་བྲུག་སྟེ་ལམ་གྱི་བར་ཐག་བསྲུབས་པའི་མདོར། །
བདག་ནི་གཅེར་བུའི་གཟུགས་ཀྱིས་འགྲེང་ཞིང་ཞོགས་པའི་ཉི་འོད་སྒུག་པའི་ཚེ། །
ཁ་བའི་རྡུལ་ཟེགས་གྲང་བས་ཕྱིད་ཀྱང་མིག་གི་མཆི་མ་མཁྲེགས་པོར་གྱུར། །
༢༠༡༢ལོའི་ཟླ་༤པའི་ཚེས་༡༥ལ་གཙོད་གྲོང་ཁྱེར་དུ་བྲིས།
རང་གི་སྐྱེས་སྐར་ལ་བྲིས་པ།
ནམ་མཁའི་ཟེ་བ་ཆུ་ཡི་མདངས་འཛིན། །
སྤྲིན་གྱི་སྐས་གདང་སྨུག་རྒྱུའི་གཞུ་མོ། །
བརྩེ་བའི་རྨུ་ཐག་འཇའ་ཡི་དར་ལུང་། །
སྲོག་གི་རུས་པ་དཀར་དམར་སེར་གསུམ། །
སེམས་ཀྱི་སྡེབས་སུ་སྐྱོ་དགའི་སྦྲུལ་འཁྱུག།
མིག་གི་སྐྱིབས་ལ་རེ་ཆད་ཆུ་འཁོར། །
ཞབས་འོག་ལ་མོ་ཁ་བའི་གོས་ཅན། །
མི་ཡུལ་མགྲོན་པོའི་སྙིང་གི་འཚེར་ཡ། །
བླ་དང་སྲོག་གི་མགུལ་དུ་དཀྲིས་པའི། །
དབུགས་ཀྱི་སྲད་བུ་གསེར་ནག་ཐ་གུ།
གྲང་བའི་མཚོ་ལ་གར་གྱིས་གཡེང་བའི། །
ངང་མོ་སེར་པོའི་ཕྱི་ཐག་ཨེ་ཡིན། །
མགོ་ཡི་སྐྲ་ལོ་ཁྲག་རིས་བྲིས་མ། །
བྱམས་ལྡན་མ་ལོའི་པང་དུ་བསྙེས་ཚེ། །
བདེ་བའི་ཁྲུས་རྫིང་འོད་ཀྱི་གོང་བུ། །
བུ་ཆུང་ང་ཡི་སྐལ་དུ་ཐེམས་བྱུང་། །
རྒྱ་ནག་མི་ཡི་ཉེ་མཐའ་འདི་ནས། །
གཞིས་ཀྱི་སྐྱེས་ལྷ་མིག་གིས་མི་མཐོང་། །
དབུ་ལ་སྨུག་པའི་ཅོད་པན་མཛེས་པའི། །
རྨ་རྒྱལ་བླ་རིས་གདོང་གྲོགས་མཛོད་ཅིག །
2011-11-15
རྩོམ་ཁུངས། ངེད་དྲ་བ།