ཕ་ཡུལ།
མཚན་དཔེ་ཟླ་བ་རྒྱས་ཚལ་དུ་སྤྱན་ཟུང་ཨུཏྤལ་ཀེམ་ཀེམ་གཡོ།།
ཕྱག་སོར་པདྨའི་ཡལ་འདབ་རྩེར་རྒྱུད་མངས་ཁུ་བྱུག་ལྷང་ལྷང་གྲག །
ལི་ཁྲི་ལྷུན་པོའི་ཁྲི་སྟེང་ན་སྐུ་གསུང་ཡོན་ཏན་ཆ་རྫོགས་པའི།།
ལྷ་མོའི་མཚན་ཙམ་ཟློས་པ་ཡིས་ངག་གི་རྩ་འདབ་ཁྲོལ་བར་ཤོག །
འབྱུང་བ་བཞི་ཡི་རོལ་རྩེ་ལས་འཇིག་རྟེན་ཆུ་ཡི་དཀྱིལ་འཁོར་གྲུབ།།
རྟེན་འབྲེལ་རྟེན་འབྱུང་ཟབ་མོ་ཡིས་རི་རབ་གླིང་ཕྲན་བཅས་བ་བྱུང་།།
བྱ་རྒྱལ་ཁྱུང་གི་གཤོག་རྩལ་གྱིས་ཉི་ཟླ་གཉིས་ཀྱི་འཁོར་ལམ་ཕྱེས།།
སྤྲེལ་སྲིན་འདྲེས་བའི་གཏམ་རྒྱུད་ཡང་དེ་དང་བར་ཐག་ཉེ་སའི་འཕེལ།།
དེ་ནས་ལོ་ཟླ་ཞགས་འཁོར་ཅིག་ཕར་ལ་སོང་བའི་མཚམས་ཤིག་ནས།།
གནམ་གྱི་ལྷ་ཡི་སྲས་པོ་ཞིག་མི་རུ་སྤྲུལ་བའི་མཛད་པ་ཡིས།།
གངས་རི་དཀར་པོའི་ཁབ་འདི་ལ་སྲིད་པའི་ཕུན་ཚོགས་ཡོངས་སྩལ་ཤིང་།།
ཕྱི་ཡི་དགྲ་དང་ནང་གི་འགལ་སྨག་མེད་འཇོམས་པའི་དགའ་སྟོན་མཛད།།
རྗེ་བོའི་རྒྱུན་ཐག་མ་ཆད་པར་མུ་རུ་བྱུང་བའི་ངོ་མཚར་འཛད།།
ས་ཆེན་སྒལ་བར་འཁྲབ་པ་ལས་བསྟན་པའི་སྲོག་ཤིང་བརྟན་པོར་ཚུགས།།
དེས་ན་འབངས་རྣམས་ཆོས་དད་ཅིང་རྗེ་བོ་འབངས་ལ་རབ་བྱམས་པས།།
ཞིང་མཆོག་འདི་ཡི་མཚན་ལ་ཡང་ཆོས་ལྡན་ཞིང་ཞེས་ཡོངས་སུ་གྲགས།།
རྒྱ་གར་པཎ་གྲུབ་མང་པོ་ཡིས་ཞབས་ཀྱིས་བཅག་ཤིང་བྱིན་རླབས་གནས།།
གནས་མཆོག་ཕོ་བྲང་པོ་ཏ་ལ་ཞིང་འདི་མཛེས་བའི་ཏོག་ཏུ་བརྗིད།།
བརྗིད་ཉམས་མ་ལུས་རྫོགས་པའི་གྲོང་ལྷ་ལྡན་ཞིང་གི་ཤར་ཕྱོགས་སུ།།
སུ་དང་གང་གི་སྨོན་པའི་ཡུལ་མདོ་སྨད་རེ་སྐོང་གསེར་མོ་ལྗོངས།།
ནང་གི་ཉོན་མོངས་མེ་ཡི་རླབས་ཆོས་ཀྱི་ཆར་གྱིས་རྨང་ནས་བཅོམ།།
འདོན་ཡོན་མགྲོན་པོའི་མགྲོན་ངོ་ཡང་ཆོག་ཤེས་གཞོན་ནུའི་གར་གྱིས་ལེན།།
ཞི་བདེའི་ཕུག་རོན་དཀར་མོ་དེས་རང་དབང་གཤོག་པ་འདི་ནས་བརྐྱངས།།
ཡུལ་འདིའི་ཞིང་གི་ལོངས་སྤྱོད་ལ་འདི་ལས་འགོངས་བའི་གཞན་མ་མཆིས།།
ཕྱི་ཡི་སྣོད་ཀྱི་བཀོད་པ་ལ་རི་བོ་མཐོ་ཞིང་ཆུ་གཙང་ཤིང་།།
རྫ་རི་བྲག་རི་སྤང་རི་དང་གཡུ་ལོ་འཁྲིག་པའི་ཚིང་ཚིང་ཚལ།།
མུ་མཐའ་ཡས་བའི་སྤང་ལྗོངས་དེ་སྨན་སྣ་སྟོང་གིས་རྒྱན་ནས་ཡོད།།
འཕགས་ལམ་ཐོབ་པའི་ལྷ་མོ་ཡང་མཛེས་ལྗོངས་འདི་ལ་ཞེན་པ་འཆོར།།
དུས་ཚིགས་བཞི་ཡི་འཕྲོག་རེས་ཀྱིས་དབྱར་གྱི་ལྷ་མོ་སྡུ་གུ་མས།།
འཇམ་མཉེན་ཕྱག་ཟུང་དྲོན་མོ་ཡིས་བྱིལ་བྱིལ་ལན་ཅིག་བཏང་བ་ན།།
བཟོ་རིག་གནས་ལ་བྱང་ཆུབ་པའི་བིཤྰོ་གར་མའི་པུར་རྩལ་དང་།།
ཚོན་སྣ་འབུམ་གྱི་སྡེབ་ཁ་ལས་ད་གཟོད་བྱུང་བའི་ཐེ་ཚོམ་སྟེར།།
རྫས་ལུད་འཛོམས་པའི་ས་ཞིང་དུ་འབྲུ་དྲུག་མཚོ་མོའི་རླབས་ཕྲེང་གཡོ།།
མཁའ་རུ་ཟུག་པའི་སིལ་སྡོང་གི་མཉེན་ལྕུག་ཡལ་ག་ལོ་མས་མཛེས།།
སྨན་དུག་མེད་པའི་སྔོ་ཚོད་ཀྱི་བསུང་ཞིམ་དྲི་མས་འགྲམ་ཆུ་སློང་།།
བརྩོན་སེམས་ཆེ་བའི་སོ་ནམ་པ་ཡུར་མ་ཡུར་བའི་ལས་ལ་བྲེལ།།
མཐོན་པོའི་རྫ་རི་སྨུག་པོ་ཡིས་སྤྲིན་པ་དཀར་པོའི་ཅོད་པན་མནབས།།
དེ་རུ་གནས་པའི་རི་སྐྱེས་ཚོགས་རང་དབང་གླུ་ལེན་གར་ལ་འགྲོ།།
ཤར་ནས་ནུབ་ཏུ་བགྲོད་མཁན་གྱི་ཁྲི་གདུགས་ཉི་མ་སེར་པོ་ཡང་།།
ལྟད་མོ་དེ་ལ་མངོན་ཆགས་ནས་ཉིན་དཀར་དུས་ཚོད་རིང་དུ་བསྲིངས།།
དྭངས་གཙང་ཆུ་མོའི་ནང་རོལ་ན་གསེར་མིག་ཉ་མོས་འཁྱུག་རྩལ་ངོམ།།
མེ་ཏོག་སྟོང་གི་ཁུགས་སོ་ན་རྐང་དྲུག་བུང་བ་དགའ་བས་མྱོས།།
རྒྱ་རྫོང་ནགས་ཀྱི་རྩེ་མོ་ན་ཁུ་བྱུག་སྔོན་མོས་སྐད་སྙན་སྒྲོག།
མགྱོགས་མགྲོ་རླུང་ནག་འཚུབ་མ་ཡང་རེ་ཞིག་འདི་ལ་རོལ་ཏེ་འཇགས།།
འདོ་རིག་རྟ་ཕོའི་སྨུག་སྒྲ་ཡིས་ས་གཞི་རི་ལུང་གཉིད་ལས་དཀྲོགས།།
ཐུལ་དཀར་འབྲི་མོའི་འོ་མ་ཡིས་ཞི་བདེ་རྒྱ་མཚོར་ཅོ་འདྲི་བྱེད།།
འབའ་འབའ་ལུ་གུའི་བལ་དོས་ཀྱིས་རྨ་ཆེན་གངས་རི་ཟིལ་གྱིས་ནོན།།
མུ་མེད་སྤང་ཐང་སྔོན་མོ་དེ་ཁྲ་རྒྱན་བཏབ་པའི་གོས་ཆེན་འདྲ།།
སྦྲ་ནག་གྲུ་བཞིའི་ཁྱིམ་ཕུགས་ན་འོ་མ་དཀྲོག་པའི་གཞོན་ནུ་མ།།
འཛུམ་བཞིན་འཛུམ་བཞིན་སྒོར་བུད་དེ་ལག་པ་ཐོད་ལ་བཞག་ཏེ་བལྟ།།
སྨུག་སྤྲིན་འཐིབས་པའི་རི་རྩེ་ལ་རྫི་བོར་ཆས་པའི་མཛའ་བོས་ཀྱང་།།
སྙན་འཇེབས་ལྡན་པའི་མཛའ་གཞས་ཡང་བརྩེ་དུང་མཚོན་པའི་ཕྱིར་དུ་བཏང་།།
མདོར་ན་ཕོ་ཁྱུང་འབྲུག་གིས་ཀྱང་ཨ་སྔོན་ཤེལ་གྱི་གུར་ཁང་ནས།།
རེ་སྐོང་ཡུལ་གྱི་ངོ་མཚར་གྱི་ལྟད་མོར་རོལ་ཡོན་འདིའོ་ཞེས།།
སྦྲང་ཆར་བསིལ་མའི་དངོས་གྲུབ་མཆོག་ཕངས་སེམས་མེད་པར་གནངས་བ་ཡིས།།
ཡུལ་འདིའི་སྒེག་ཉམས་སྔར་ལས་ཀྱང་སུམ་རྩེན་དཔལ་དང་མཉམ་པར་བྱས།།
འདི་འདྲའི་སྡེབ་ཉམས་ཚིག་ལྷག་གིས་གནས་མཆོག་འདི་ཡི་ཡོན་ཏན་ལས།།
ལུས་ཀྱི་བ་སྤུའི་རྩེ་ཙམ་ཡང་སྟོན་པར་བྱེད་པ་མི་ནུས་མོད།།
ལྟེ་ཁྲག་ས་ལ་འཐོར་བ་ནས་ད་ལྟའི་བར་དུ་བསྐྱངས་བའི་དྲིན།།
འཇལ་ནུས་མིན་ཡང་སེམས་མཚོན་ཕྱིར་བསྔགས་བརྗོད་མེ་ཏོག་ཕྲེང་འདི་གཏོར།།
༢༠༡༡ལོའི་ཟླ༩་ཚེས་༡༣ཉིནན་གྱི་ཕྱི་དྲོར།
རྩོམ་ཁུངས། ངེད་དྲ་བ།