དགའ་མ་དགྱེས་པའི་མགུར་གླུ་དམར་ཆུང་བྱུ་རུ་མ།
གང་གིས་དད་ན་དེ་ལ་དེར་བསྟན་ཡིད་རྟོན་མ།།
གང་དུ་བཞུགས་ཀྱང་དེ་རིང་བདག་གི་ངག་ཏུ་བོབས།།
སྲིད་པ་འདི་ཡི་མི་དང་གང་གི་བདག་མོའི་ཕྱིར།།
དགུ་འགྱུར་ངག་གི་མུད་པ་དྭངས་མོ་གནང་རོགས་ཀྱེ།།
ལས་ཀྱི་སྤྱི་ལ་བབས་པའི་མེ་ཏོག་ཁེར་སྐྱེས་མ།།
འདོད་ལྡན་སེམས་པ་ཁ་བ་བཞིན་དུ་ཞི་བར་ཤོག།
སྐྱོ་བའི་སྤྲིན་པ་བྱང་གི་ཕྱོགས་སུ་རྒྱུགས་པ་འདི།།
ཉི་མོ་གང་གིས་ཆུ་བོ་དྲན་པའི་སྔོན་འགྲོ་རེད།།
དྲན་པ་སྣ་ཚོགས་མིག་གི་མཆི་མར་གྱུར་མཁས་མ།།
གང་དྲན་དག་ནི་ཡི་གེའི་གཟུགས་སུ་གྲུབ་པར་གྱུར།།
མི་མངོན་པ་ཡི་དབྱིངས་ཀྱི་ལྷ་ཚོགས་མི་སྤྲོ་ཡང་།།
དགའ་བ་འབུམ་གྱི་བཙོན་ར་ལ་ནི་ང་རང་ཆགས།།
མཚོན་གྱིས་བྲིས་པའི་རྨི་ལམ་དེ་ལ་མི་འདོད་མ།།
གསལ་བོར་གྱུར་བའི་སེམས་པ་དེ་ནི་སྡོད་མ་སོང་།།
སེམས་ཀྱི་རབ་ཁ་ཐོག་གིས་གཏོར་བའི་རླབས་སྒྲ་འདི།།
རིགས་དྲུག་ཀུན་གྱི་རྣ་བའི་ཟས་སུ་མི་འགྲོའམ།།
ངག་གི་སྤྱི་གཙུག་ཉི་ཟླར་བསྙེགས་པའི་བདག་མོ་མ།།
རིང་དུ་བྲོས་པའི་ཉི་ཟེར་རྩུབ་པོས་མ་རྨས་སམ།།
བྲང་ན་གཉིད་པའི་དུས་ཆད་དེ་ཡི་ལམ་ཁ་ན།།
རླུང་གིས་ཁུར་བའི་མེ་ཏོག་ཡོད་ཀྱང་མི་འཐུ་རོགས།།
ཚངས་སྲས་ངག་ལས་བྱུང་བའི་མཆི་མ་དབྱིངས་ལྡན་མ།།
ཆང་གི་བཟི་ཁས་སྙིང་གི་ཡེ་གེ་འཁྱིགས་མ་བསྒུལ།།
གདུང་བ་འདི་ལ་དོན་གྱིས་དྲན་ཚུལ་ཅི་ཡོད་པ།།
ཚོར་བའི་གསེབ་ཀྱི་ཚོར་བ་མ་ཡིན་གཞན་མེད་དོ།།
དྲན་པའི་མེ་ཏོག་མཐོན་པོའི་རི་ལ་འདབ་མཁས་མ།།
ཤིང་ཤིང་ཆུ་མོའི་ངུ་སྒྲས་སེམས་པ་སྟོང་པར་གྱུར།།
དབུས་ཕྱོགས་ཉི་མའི་གྲོང་གི་རུམ་ཁ་འཁྱག་པ་ནས།།
དགའ་མ་རྒྱས་པའི་མགུར་གླུ་དམར་ཆུང་བྱུ་རུ་ཤོར།།
༢༠༡༢ལོའི་ཟླ༢པའི་ཚེས༢༠ཉིན་གྱི་མཚན་མོར་དབུས་སུ་གྲུབ།
རྩོམ་ཁུངས། ངེད་དྲ་བ།