ཨ་མ།
སྐར་མའི་མུ་ཏིག་ཚོགས་ཀྱིས་རབ་རྒྱན་པའི།།
དཀར་གསལ་འོད་མདངས་རྒྱས་པའི་ལང་ཚོ་ཅན།།
དོ་དགུང་བཞད་པའི་ཟླ་བའི་སྙན་དྲུང་དུ།།
བརྩེ་བའི་མ་ལོ་དྲན་པའི་ཚིག་གསུམ་ཞུ།།
ཐུན་གསུམ་བཅད་པའི་ཐུན་མཚམས་གཉིས་པ་རེད།།
བསམ་ན་མ་ལོ་བདེ་བར་གཟིམས་ཡོད་འདུག །
བརྩེ་བའི་མ་ལོ་གཟིམས་པའི་མཚན་ལམ་དུ།།
དྲན་པའི་མཆོད་པ་ངག་གིས་མཆོད་པར་བྱ།།
བདུན་ཅུ་ལོ་ཡིས་ཟིན་པའི་སྐུ་ལུས་ལ།།
སྙུང་གཞི་མེད་པར་བདེ་བར་བཞུགས་ཡོད་ལགས།།
ཁྱོད་ཀྱི་སྙིང་དང་འདྲ་བའི་བུ་ལོ་ང་།།
ན་བ་མེད་ལ་སྐྱིད་པོ་བདེ་མོ་ཡིན།།
མ་ལོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས།།
ལུས་ངག་ཡིད་གསུམ་བཟང་ལ་ལོབས་ཡོད་ལགས།།
མ་ལོའི་གསོལ་འདེབས་བདེན་པའི་མཐུ་སྟོབས་ཀྱིས།།
འགྲོ་སའི་ལམ་ལ་འོད་སྣང་འཕྲོས་ཡོད་ལགས།།
གང་ནས་བསྡད་ཀྱང་གང་ལ་སོང་ན་ཡང་།།
བརྩེ་བའི་མ་ལོ་དྲན་པའི་ཚོར་བ་ལྕི།།
ཟླ་བའི་དགྱེས་ཞལ་ཡོད་པའི་མཚན་ལྗོངས་སུ།།
མ་ལོ་དྲན་པའི་བརྩེ་འཕྲིན་ཡང་ཡང་འབྲི།།
རྩོམ་ཁུངས། ངེད་དྲ་བ།