གཟའ་ཉི་མ།
འཆར་ཀའི་ལྗོན་པའི་ཚལ་དུ། །
ཆར་ཟིལ་སྙེ་མ་ཆེམ་ཆེམ། །
ས་གཞི་ནེམ་ཤ་ཉུག་ཉུག །
མི་རྣམས་གད་མོ་ཐག་ཐག །
སྤྲིན་དཀར་སྨུག་པའི་ཞྭ་མོ། །
ཉི་ཟེར་འོད་ཀྱི་སྤྲིས་མ། །
ཆུ་རླངས་རླབས་ཀྱི་ཚ་བ། །
དབུ་ལོའི་གཙུག་ཏུ་འཕོས་བྱུང་། །
གྲོང་གི་རྡོ་སྲུབས་བར་ནས། །
མི་རྣམས་ཕྱི་ལ་ཐོན་ཏེ། །
བཅོས་འཛུམ་ངོ་ཤ་གཉེར་གཉེར། །
སྤྱི་གླིང་འདི་རུ་འཛོམས་བྱུང་། །
ཨེ་མ་མིས་བཟོས་རི་ཆུ། །
རང་བྱུང་ཉམས་ཀྱིས་ཕོངས་ཀྱང་། །
ཁང་བརྩེགས་རྔམ་ཁ་བརྗེད་དེ། །
ཐུན་གསུམ་ངལ་གསོ་བསྟེན་ཆོག།
ཉི་གདུགས་བསིལ་མོའི་ཡུ་བ། །
སྤར་མོའི་མཐིལ་དུ་འཆིང་སྟེ། །
སྙིང་སྡུག་ཕྲག་པར་བསྙེས་ཚེ། །
ཤ་རྒྱུས་ལྷོད་ལྷོད་བྱུང་སོང་། །
མནའ་དང་དམ་གྱིས་བཅད་པའི། །
ཚོང་འདུས་ཆང་རག་སེར་པོ། །
འུ་གཉིས་སླར་ཡང་འཕྲད་ན། །
གཉན་པོའི་གནས་ཆུང་བརྗེད་འགྲོ། །
བང་རིམ་མཐོན་པོའི་སྐས་ཚིགས། །
ལས་སྐལ་དར་གྱི་དཔྱངས་ཐག །
གྲུ་ཆུང་གཡོར་བ་ལྕུག་ལྕུག །
སྣང་བའི་རྒྱ་མཚོ་བཤགས་སོང་། །
རྨི་ལམ་གཏིང་དུ་ལྷུང་བའི། །
མཚོ་འཇིངས་ངང་མོ་དཀར་པོ། །
ལུས་ཀྱི་སྒྲོ་སྤུ་ཟིམ་ཟིམ། །
ཞེན་ཆགས་གཤོག་འགྱུ་ཡུག་ཡུག།
མིག་ཆུའི་དོག་པ་ཐོར་ཐོར།།
ལན་བུའི་ཉག་མ་ལོང་ལོང་། །
ང་ཡི་སྐེ་ལ་འཁྱུད་དེ། །
ཚེ་སྔོན་བག་ཆགས་གླེང་གི།
ཕྱེ་ལེབ་ངག་གླུ་དིར་དིར། །
མེ་ཏོག་ལག་བརྡ་ཀྲོག་ཀྲོག། །
སྙིང་གི་ལྕང་ལོར་འཁྱུད་ནས། །
སྤང་དཀར་ཐང་བློ་ཁོག་སྟོན་ཀི། །
དུ་བའི་རྦ་རླབས་རྩེ་རུ། །
བདག་གི་ཕ་ཡུལ་ཡོད་སྐད། །
ཉི་མའི་གཟི་མ་སྨུག་པོར། །
མཇལ་ཕྱག་ལན་གསུམ་ཞུས་ཡོད། །
ཉི་མ་འདི་ཡི་གཞུག་ཏུ། །
མཚན་མོ་གཞན་ཞིག་ཡོད་སྐད། །
རྒྱུ་སྐར་ཕྲ་མོའི་གཙང་བོ། །
གསང་བའི་སྙིང་དུ་སྦས་ཡོད། །
༢༠༡༢.༠༣.༡༨
རྩོམ་ཁུངས། ངེད་དྲ་བ།