ཤོབ།
བཟང་དཀའ་ངན་སླ།
མི་ལོ་དྲུག་ལ་དཔེ་ཆར་བལྟས་ཀྱང་། །ཡོན་ཏན་ཕྲན་ཙམ་རྒྱུད་ལ་མ་འབྱོར། །
ཞག་མ་གཅིག་ལ་མཱ་ཅཱང་བརྒྱབ་པས། །ལག་རྩལ་ཚང་མ་ཁོང་དུ་ཆུད་སོང་། །
ངོ་གཉིས་མ།
རྒྱུན་དུ་བྱ་བར་ནན་ཏན་བྱས་ཀྱང་། །ཤོག་ལེབ་གཅིག་གི་བྱ་དགའ་མ་ཐོབ། །
དཔོན་པོར་ཁ་ཡག་ཐེངས་གཅིག་བཤད་པས། །དཔོན་ཆུང་ཞིག་གི་གོ་ས་ཁུག་སོང་། །
ཁ་ཡག་ངོ་དགའ་དྲིན་ཆེན་པོ།
སེམས་པ་དམར་པོ་ལག་ཏུ་བཞག་ཀྱང་། །བུ་མོ་ཞིག་གི་ཟུར་མིག་མ་ཁུག །
ཁ་ཡག་ངོ་དགའ་མཉམ་དུ་བཤད་པས། །མཛེས་མ་ཞིག་གིས་རྐང་ཐུང་ཕུད་སོང་། །
གཏམ་བདེན་པ་མི་བྲིན་རྫུན་མ་བྲིན།
ཉེ་བའི་གྲོགས་ལ་སྙིང་གཏམ་བཤད་ཀྱང་། །བདེན་པར་སྨྲ་བའི་སྐད་ཆ་མ་གོ །
ཉེ་རིང་གཉི་གར་རྫུན་གཏམ་བཤད་པས། །བདེན་ནོ་ཟེར་ནས་མཐེ་མོ་བསྟན་སོང་། །
མི་དང་ཁྱི།
སྡུག་དུས་མི་ལ་བྱམས་བྱམས་བྱས་ཀྱང་། །སྐྱིད་དུས་ཐབས་ཀྱིས་བསྐོར་ནས་བྲོས་སོང་། །
སྒོ་ཁའི་ཁྱི་ལ་ལྟོ་ཞིག་བླུད་པས། །གང་ནས་མཐོང་ན་རྔ་མ་གཡུག་བྱུང་། །
༢༠༡༢ལོའི་ཟླ༣པའི་ཚེས༡༧ཉིན་གྱི་མཚན་གུང་ཤར་མར་བྲིས།
རྩོམ་ཁུངས། ངེད་དྲ་བ།