མྱོང་བ་བཅུ་བཞི།
༡
འདོད་པའི་བདེ་བ་བཙལ་ཀྱང་རྙེད་རྒྱུ་མེད་གི།
མི་འདོད་སྡུག་ངལ་མ་བཙལ་མྱོང་རྒྱུ་ཡོད་གི།
མི་ཚེ་འདི་ལ་གད་མོ་འཆོར་རྒྱུ་ཡོང་གི།
འཚོ་བ་འདི་ལ་ཡ་མཚན་སྐྱེས་རྒྱུ་ཡོད་གི།
༢
ཚེ་སྔོན་འབྲེལ་བའི་ཕ་མ་ཚེ་འདིར་འདས་ཐལ།།
ན་ནིང་འདྲིས་པའི་མཛའ་མོ་ད་ལོ་གྱེས་ཐལ།།
ཁ་སང་གོམས་པའི་གྲོགས་པོ་དེ་རིང་བྲལ་ཐལ།།
ད་ནངས་བཞད་པའི་མེ་ཏོག་དེ་དགོང་སྐམ་ཐལ།།
༣
ཁ་སང་ཁྲོམ་ནས་མཐོང་བའི་རྒན་པོ་དེ་ཚོ།།
དེ་རིང་གང་དུ་ཕྱིན་མིན་སུ་ཡིས་མ་ཤེས།།
དེ་རིང་ལམ་ནས་འཕྲད་པའི་ན་གཞོན་འདི་ཚོ།།
སང་ཉིན་གང་དུ་བཞུར་འགྲོ་གང་གིས་མི་རྟོགས།།
༤
རྒོད་པོ་ཞིག་གིས་གཤོག་འགྱུར་མཁའ་ལ་མངོན་དུས།།
ཉ་མོ་ཞིག་གི་རྐྱལ་རྩེད་མཚོ་ལ་འཁྱུག་གི།
འབྲོག་མོ་ཞིག་གིས་དྲན་པའི་གཞས་ཆུང་ལེན་དུས།།
བྲག་ཆ་ཞིག་གིས་སེམས་གསོ་ལན་གསུམ་བྱེད་གི།
༥
ཕ་གིར་རི་བོ་མིག་གིས་བལྟས་བལྟས་རྒས་ཐལ།།
མ་གིར་ཆུ་མོ་རྣ་ཡིས་གོ་གོ་སྐམ་ཐལ།།
གཞོན་པའི་ལང་ཚོ་སེམས་ཀྱིས་ཚོར་ཚོར་རྒུད་ཐལ།།
འཁོར་བའི་ཡོད་ཚད་ཤེས་ཤེས་བཞིན་དུ་འགྱུར་ཐལ།།
༦
མིག་ལ་ཡོད་ཡོད་འདྲ་བའི་གཟིགས་རིས་དེ་ཚོ།།
སེམས་ཀྱིས་བསམ་ན་གང་ཡང་མེད་པ་ཡིན་བཞག།།
སེམས་ཀྱིས་མྱོང་མྱོང་ལྟ་བུའི་ཚོར་བ་དེ་ཚོ།།
ཞིབ་དུ་དཔྱད་ན་དོན་དུ་སྟོང་པ་རེད་བཞག།།
༧
ང་ལ་མཁོ་བ་ཁྱོད་ཀྱི་ལག་དུ་ཡོད་གི།
ཁྱོད་ལ་དགོས་པ་ཁོང་གི་སེམས་ན་ཡོད་གི།
ཁོང་ལ་མཁོ་བ་གཞན་གྱི་འཁྲིས་ན་ཡོད་གི།
གཞན་ལ་དགོས་པ་ང་ཡི་ཁོག་ན་ཡོད་གི།
༨
སྐྱིད་པའི་དུས་ཚིགས་ཐུང་བས་རྒྱག་ཚོད་མི་འདུག།།
སྐྱོ་བའི་ལོ་ཟླ་རིང་ནས་ཕུད་ཐབས་དཀའ་འདུག།།
དགོད་སྒྲའི་ཉིན་མོ་ཇེ་ཐུང་ཇེ་ཐུང་རེད་འདུག།།
མཆི་མའི་མཚན་མོ་ཇེ་རིང་ཇེ་རིང་ཡིན་འདུག།།
༩
རི་གསུམ་རྩེ་ནས་ཕར་ལ་ཀི་ཞིག་བཏབས་ཀྱང།།
ལུང་གསུམ་མདོ་ནས་ཚུར་ལ་ཨ་ལན་མེད་གི།
གཞིས་ཀྱི་སྤུན་ཟླ་དེ་ཚོ་བདེ་མོ་ཨེ་ཡིན།།
བྱེས་ཀྱི་གྲོགས་པོ་དེ་ཚོ་འཚམས་པོ་ཨེ་རེད།།
༡༠
གངས་རི་དཀའ་པོའི་ཕྱོགས་ལ་མིག་རྒྱང་འཕངས་ཡོད།།
གཙང་ཆབ་སྔོན་མོའི་ཕྱོགས་ལ་བློ་སེམས་གཏད་ཡོད།།
རང་དབང་ཞི་བདེའི་ཉིན་མོར་གྲ་སྒྲིག་བྱས་ཡོད།།
དབྱར་ཀའི་སླར་འཛོམས་ཤིག་ལ་དུས་བཅད་བྱས་ཡོད།།
༡༡
རང་གི་འདས་པ་ཕ་མས་ཅི་བྱས་མ་རེད།།
རང་གི་ད་ལྟ་གཞན་ཀྱིས་ཅི་བཤད་མ་རེད།།
རང་གི་མ་འོངས་ལྷ་ཡིས་ཅི་མཁྱེན་མ་རེད།།
རང་ཉིད་རང་ལ་བདག་པ་རང་གི་རྒྱུ་རེད།།
༡༢
ང་ཡི་སེམས་པ་ཁོ་མོའི་མཛེས་བར་ཕྱོགས་སོང།།
ཁོ་མོའི་ཡིད་དབང་ང་ཡི་སྒོར་མོར་འཁོར་བྱུང།།
མཛེས་མ་སྒོར་མོར་དགའ་བ་འཇིག་རྟེན་དཔེ་རེད།།
བུ་ཆུང་མཛེས་མར་དུངས་བ་འཁོར་བའི་ཚུལ་རེད།།
༡༣
བཀོད་པའི་ལས་ཞེས་ཁས་ལེན་བྱེད་ཐབས་མི་འདུག།།
འབྲེལ་བའི་གཉེན་ཞེས་ཡིད་ཆེས་གནང་རྒྱུ་དཀའ་འདུག།།
སྐྱབས་སའི་ལྷ་ཞེས་དད་མོས་བྱེད་ས་མ་རེད།།
མེས་པོས་མཛད་ཅེས་ཡོད་ཚད་བཀུར་ས་མ་རེད།།
༡༤
དགེ་བའི་ལས་རྐྱང་བྱེད་རྒྱུའི་ཕུགས་བློ་མི་བརྟན།།
སྡིག་པའི་ལས་དག་སྤུངས་རྒྱུའི་དམ་ཚིག་མི་གཙང།།
རང་སེམས་སྐྱིད་ན་དགེ་བ་མ་བྱས་ཅི་སྐྱོན།།
གཞན་ཡིད་དགའ་ན་སྡིག་པ་བྱས་ཀྱང་ཅི་གནོད།།
༢༠༡༢།༣།༡༢
རྩོམ་ཁུངས། ངེད་དྲ་བ།