ཟླ་བར་ཕུལ་བའི་ཡིད་གདུང་།
ཉམ་ཆུང་སེམས་ཀྱིས་ཁྱེད་ཉིད་གཉོར་བཞིན་མི་ཁོག་སྨྱུ་གུས་ཁྱེད་ཉིད་བྲིས།།
ཁྱོད་ཁྱོད་ཞེས་པའི་ཐ་སྙེད་དེའང་ཟླ་བ་ཞིག་གི་ཚུལ་གྱིས་མངོན།།
བྲང་ཁོག་ན་བའི་ཚོར་བ་དག་ནི་དྲན་པའི་ཀློང་ན་རྡུལ་ལྟར་འཚུབ།།
སྣང་བའི་རྗེས་སུ་མཐའ་གཅིག་རྒྱུགས་ནས་ད་ནི་བླུན་པོ་ཉིད་དུ་འཁུམས།།
རྣམ་ཤེས་ལ་ནི་རང་ཚུགས་དོར་ནས་ཁྱེད་ཀྱི་གན་ན་འབུ་སྦྲང་བཞིན།།
བསམ་གཞིག་དེའང་གོ་རིམ་མེད་པར་ཁྱེད་ཀྱི་སྣང་བརྙན་འབའ་ཞིག་སྒོམ།།
ལུས་ཟུངས་དང་ནི་ཤིན་ཏུ་རིད་ནས་ཀང་རུས་སྐམ་པོའི་གཟུགས་སུ་གྲུབ།།
ཡིད་འོང་བྱམས་པའི་ཏོག་ཙམ་གསོན་དང་གུས་པོས་སེམས་ངལ་བརྗོད་པར་བྲེལ།།
ཁྱེད་ཀྱི་ཕྱོགས་ལ་ཡང་ཡང་ཤོར་བའི་དམར་ཆུང་སྙིང་ལ་གཤག་བཅོས་མེད།།
དམར་རྒྱུན་བྲང་ཁ་ལག་པས་རྡུང་བའི་དམ་ཚིག་ཀུན་ལ་འགྱུར་རྒྱུ་མེད།།
མཆི་མ་དམར་པོའི་ཁུད་དུ་འཁྱིལ་བའི་སྙན་ངག་དག་ལ་རྫུན་ཚིག་མེད།།
ཡིད་ཀྱི་མོས་པ་ཁྱེད་ལ་ཕུལ་བའི་མཛའ་གཅུགས་སེམས་ལ་ནག་ནོག་མེད།།
མི་ཚོགས་ཁྲོད་ནས་ལན་རེར་རག་པའི་ཁྱེད་ཀྱི་རྒྱབ་གཟུགས་མཛེས་པའི་མཆོག།
མི་ཁོམ་བར་ནས་སྐབས་རེར་འཕྲད་པའི་ཁྱེད་ཀྱི་འཛུམ་ཞལ་སྒྱུ་མའི་འཕྲུལ།།
མ་བསམ་ས་ནས་ཟུར་མིག་འཕེན་པའི་ཁྱེད་ཀྱི་འདྲེན་བྱེད་མདའ་མོའི་སྐྱེན།།
མི་ཁོག་སེམས་ལ་རྒྱུན་དུ་འཁོར་བའི་ཁྱེད་ཀྱི་ལང་ཚོ་པདྨའི་གཉེན།།
ཁྱེད་ཀྱི་མོས་པ་བདག་ལ་ཕུལ་བ་གཏམ་རྒྱུད་ཞིག་གི་སྔོན་འགྲོ་ཡིན།།
བདག་གི་དགའ་བ་ཁྱེད་ལ་སྦྱིན་པ་ལོ་རྒྱུས་ཞིག་གི་བརྒྱུད་རིམ་ཡིན།།
མི་ཡི་མཛེས་པ་གཟུགས་སུ་མ་གྲུབ་ད་ནི་བདག་གི་ཤེས་ཀྱུར་ཀྱང་།།
ལང་ཚོ་ཞེས་པའི་རི་མོ་དེ་ནི་མི་སྲོག་གཅོད་པའི་སྟ་རེ་ཉིད།།
དགའ་བའི་འདུན་མ་སེམས་ཀྱིས་མ་ཁོག་ཁ་ནས་དབང་མེད་ཤོར་བ་དང་།།
དུང་བའི་ལྷག་མ་སྒྲ་རུ་མ་བསྒྱུར་ཡི་གེའི་ལམ་ནས་སྤྲེངས་པ་ཡིས།།
བྲང་ཁོག་མཚོན་པའི་དོན་ཅན་ཐ་སྙེད་བསྐྱར་ཟློས་མང་ན་དོན་ཉམས་བཞིན།།
དྲན་པའི་གདུང་བ་ཚིགས་སུ་བཅད་ཀྱང་དོན་གྱིས་སྟོང་བའི་བེམ་པོ་ཉིད།།
སེམས་ཀྱི་གསང་བ་མ་ལུས་ཤོར་ཚར་ཁྱེད་ནི་བདག་གི་གསང་གྲངས་ཡིན།།
ཡིད་ཀྱི་ན་ཟུག་མི་སྲོན་མྱང་དགོས་ཁྱེད་ནི་བདག་གི་སེམས་ངལ་ཡིན།།
མིག་གི་མཆི་མ་མི་ཁོག་བཞུར་དགོས་ཁྱེད་ནི་བདག་གི་ལན་ཆགས་ཡིན།།
ཨུ་ཤུ་ཕྲེང་བ་མི་ཆོད་འཐེན་དགོས་ཁྱེད་ནི་བདག་གི་སྡུག་བསྔལ་ཡིན།།
ཁྱེད་ཀྱི་ལང་ཚོ་ལན་གཅིག་མཇལ་ན་ཚོར་བའི་ངོ་བོ་སིམ་པ་དང་།།
མཆོག་གི་བྲང་གཞུང་ཐུན་གཅིག་ཉུལ་ན་བདེ་བ་ཁྱད་པར་རྙེད་པ་འདི།།
མཛེས་པའི་ནང་གི་མཐར་ཐུག་དེའང་ཚོར་བའི་ངོས་ན་ཡོད་པ་དང་།།
བདེ་བའི་ཁྲོད་ཀྱི་དྭངས་མ་དེའང་མི་བུའི་ལུས་ན་མངའ་བས་སོ།།
བདེ་སྐྱིད་ལྡན་ལ་སྡུག་བསྔལ་མོད་པའི་ཁྱེད་དང་ང་ཡི་ལས་འཕྲོ་འདི།།
ཁེར་རྐྱང་འཇིག་རྟེན་སྐྱོ་བའི་གདུང་ན་ལྷིང་འཇཊ་འཇོམས་པའི་རོལ་དབྱངས་ཡིན།
རེས་སྐྱིད་རེས་སྡུག་ཟུང་དུ་འབྲེལ་བའི་ཕྱིར་མིག་ཁྲོད་ཀྱི་ལོ་ཟླ་འདི།།
ལས་དབང་རྒྱལ་མོས་ཆེད་དུ་གནང་བའི་མིག་ཆུ་ཞིག་གི་གསང་བ་ཡིན།།
༢༠༡༡ལོའི་ཟླ་༡༠བའི་ཚེའི་༡༦ཉིན་རང་ཁྱིམ་ནས།
རྩོམ་ཁུངས། ངེད་དྲ་བ།