ཤ་ཡུ་མོ་ཞིག་གི་སྐྱོ་གླུ།
སྔོན་སྲིད་པ་ས་ལ་ཆགས་པ་ནས།།
སྟོད་སྤང་ལྗོངས་ང་ཚོའི་འཚོ་གནས་ཡིན།།
གངས་དཀར་བོ་མཐའ་ཡི་ལྕགས་རི་ཡིན།།
འདི་ང་ཚོར་དབང་བའི་ནོར་བུ་ཡིན།།
སྤང་མེ་ཏོག་ཐམས་ཅད་སྨན་ཏོག་ཡིན།།
རྫ་ཆུ་མིག་ཐམས་ཅད་སྨན་ཆུ་ཡིན།།
མཐོ་གནམ་ས་གཉིས་ཀྱི་བར་འདི་ན།།
ངའི་འཚོ་བའི་གཙང་ཅིག་གང་ན་ཡོད།།
རི་མཐོན་པོའི་ཁོག་ན་གསེར་དངུལ་ཡོད།།
མཚོ་མཚེའུའི་གཏིང་ན་ནོར་བུ་ཡོད།།
འདི་རང་བྱུང་ཁམས་ཀྱི་ཚེ་སྲོག་ཡིན།།
འདི་ཡོད་ན་རང་བྱུང་གནོད་འཚེ་མེད།།
དུས་དེ་རིང་ཉི་མའི་ཡར་སྔོན་ལ།།
བྱམས་སྙིང་རྗེ་མེད་པའི་རྔོན་པ་འགའ།།
དེ་ཡིན་པ་རྒྱ་ནག་ཡུལ་ནས་རེད།།
ངའི་ཕ་ས་ཨ་ཆེན་གངས་ལ་ཐོན།།
སྨད་རྒྱ་ནག་རྔོན་པ་འཇིག་ཆེན་རེད།།
ལག་མེ་མདའ་བཟུང་ནོ་སྟོབས་ཆེན་རེད།།
ང་ཉེས་མེད་རི་དྭགས་མང་བོ་གསད།།
རོ་པགས་པས་ས་སྟེང་བཀང་ནི་ཞིག།
ཁྱེད་གནས་ལུགས་ཤེས་པའི་མི་ཡིན་ན།།
ང་ཉེས་མེད་རི་དྭགས་ཅི་ལ་གསོད།།
ཚེ་ཕྱི་མར་བསམ་ནས་མི་སྐྲག་རུང་།།
དཔོན་གོང་མའི་ཁྲིམས་ལ་མི་འཇིགས་སམ།།
ཤ་ཡུ་མོ་གསད་པའི་ཤེའུ་ཕྲུག་རྣམས།།
གནས་ཨ་ཆེན་གངས་ན་ཁེར་རྐྱང་རེད།།
དྲིན་ཨ་མ་དྲན་ནས་རྫ་མཐའ་ཉུལ།།
སྙིང་རྗེ་ན་རྗེ་རྒྱུ་འདི་ན་ཡོད།།
གནས་འདི་ཡི་སྐྱབས་གཅིག་བཀའ་དྲིན་ཅན།།
མགོན་ཐུགས་རྗེ་ཆེན་པོས་དུས་ཀུན་གཟིགས།།
ང་རི་སྐྱེས་མང་བོའི་འཚོ་གནས་འདི།།
སྔར་བཞིན་དུ་གནས་བར་དགོངས་སུ་གསོལ།།
རྩོམ་ཁུངས། ངེད་དྲ་བ།