ཡིག་རྡོག་འགའ་བྲིས་པ།
ལུས་ངག་ཡིད་གསུམ་གྱི་ཡི་གར་འོང་བའི།།
ཁ་མིག་རྣ་གསུམ་གྱི་བློ་ཁར་འབབ་པའི།།
ཉན་བདེ་གོ་སླ་ཡི་ཚིགས་ཀྱི་བཅད་མ།།
ཡག་དང་མི་ཡག་ཞིག་བཤད་རྒྱུ་མེད་གི།
ཁ་ལ་ལེན་བདེ་ཡི་མཛའ་གཞས་རེད་འདྲ།།
རྣ་ལ་ཉན་བདེ་ཡི་ཤགས་ཆུང་རེད་འདྲ །།
བཟང་ཡོན་གཉིས་འཛོམ་གྱི་སྐྱེམས་ཆང་འདྲ་བའི།།
ཤ་པགས་རུས་གསུམ་གྱི་རྩ་སྨན་རེད་འདྲ།།
ཡིད་ཀྱི་དགའ་སྐྱོ་ལ་ཤུགས་ཀྱིས་ངུན་ཞིང་།།
སེམས་ཀྱི་ཆགས་སྡང་ལ་འཕྲལ་དུ་སེལ་བའི།།
ལར་མིན་འདིར་མིན་གྱི་དཀར་ནག་ཆ་ལུགས།།
རོ་རྩི་སྦྲང་མངར་གྱི་རྩི་ལས་མངར་འདུག།
དམ་པའི་གསུང་རབས་ལ་སྤྱོད་སྒོ་ཆེ་ཞིང་།།
གེ་སར་སྒྲུང་རིང་ལ་ཉེར་མཁོ་ཆེ་བའི།།
རྡོ་བྲག་དགེ་ཆོས་ཀྱི་གསོན་ཟས་ཁེར་བུ།།
མཁོ་དང་མི་མཁོ་ཞིག་ལབ་ཡ་མི་འདུག།
ཚིག་གི་ཡ་རྐང་ནས་ཤེད་ཀྱིས་བཏོན་ཞིང་།།
ཚིག་རྐང་མཐའ་མར་ནས་རྔམ་ཤ་སྐྱེ་འོང་།།
འགྲམ་པའི་མཁུར་ཚོས་ཀྱི་འགྲམ་ཆང་ལྡང་བའི།།
ཨ་རོག་ཅི་ཡིན་གྱི་ལག་ཏུ་ཐོགས་ཤོག།
རིག་པ་སྟོང་ཉིད་ཀྱི་དམར་ཁྲིད་བྱེད་སྐབས།།
འཁོར་བའི་ཁྱིམ་ཕུག་ནས་ལབ་བརྡོལ་རྒྱག་ཉིན།།
ཚིག་འགྲོས་དལ་ཆགས་ཀྱིས་ལག་པ་འགུལ་ཉིན།།
ཤད་མ་གཉིས་ཚེག་གི་བཅད་མ་མཁོ་འདུག།
འུ་ཅག་དེང་སང་གི་མགོ་གཡོ་འགའ་ལ།།
ལབ་ཀྱི་ཐག་སྣེ་ཞིག་ཟད་ཐབས་མེད་ན།།
སྙན་རོ་ཚིག་རོ་ཞིག་ཅིས་ཀྱང་མཁོ་བས།།
ཚིགས་ཀྱི་བཅད་མ་ཡིས་མཁོ་སོད་སྟེར་ཤོག།*
__*རང་གི་མཐའ་འཁོར་ན་བཅད་རྩོམ་ལ་དགའ་མདོག་མང་པོ་མཆིས་སྐད།དེ་དག་གི་ཟུར་ངོས་ཤིག་ནས་དེ་མུར་འཁྱུགས།
རྩོམ་ཁུངས། ངེད་དྲ་བ།