ཡ་གིའི་ནི་ཉག་གོང་ན།
ཡ་གིའི་ནི་ཉག་གོང་ན།།
ལྗང་སེར་དང་གློ་དམར་ལྡིང་།།
འཆར་ཡན་གྱི་བུ་ཆུང་དེ།།
རྟ་རྒོད་ཀྱི་གོང་རྒྱབ་ན།།
ཐོད་རྒལ་གྱི་སྙིང་ཤ་རྒྱས།།
རླུང་བུ་ནི་རླུང་བུ་སྟེ།།
འབྱུང་བ་ཡི་འགྱུར་བ་ཙམ།།
རྒྱུད་སྐུད་དང་ཕྲད་ཙ་ན།།
དྲི་མེད་ཀྱི་མཚོ་མོ་ལ།།
རིས་མེད་ཀྱི་རི་མོ་ཆགས།།
མེ་ཏོག་ལ་རྒྱ་སེ་ཡང་།།
ཆུ་སྲིན་ལ་ཆུ་གྲི་ཡང་།།
བདུད་སྲིན་ལ་ངན་སྔགས་ཀྱང་།།
བྱང་ཁོག་ན་ཡོད་ཚོད་གདའ།།
རི་མོ་དེ་འབེབས་ལུགས་ལས།།
ན་ནིང་ནི་དོ་ཚིགས་ལ།།
རྒྱུ་སྐར་ནི་འཁྱགས་པས་འཇུམས།།
ཟླ་བ་ཡང་ངུད་མོ་གཏོང་།།
སྤང་རྩ་ནི་རྨས་ཤིང་ཤི།།
གཡག་རོག་གིས་རྔ་རྩིད་ལྡད།།
ཀ་ཁ་ཡི་མགོ་རྐང་ཆད།།
མི་ཕོ་ཡིས་བྲང་ཁ་རྡུང་།།
ཁ་སང་གི་ཉིན་གུང་ལ།།
ཙོང་ཁ་རིའི་ཉག་ཅིག་མཐོང་།།
ཆ་མེད་ཀྱང་རྒྱུས་ཡོད་འདྲ།།
མི་རྐྱང་ནི་མདུང་ཐོགས་ཤིག།
རྐྱང་རྒོད་ཞིག་བཅིབས་ནས་འདུག།
ཉག་འགབ་ན་བསྡད་ནས་འདུག།
ཆུ་འཐུང་ལ་བསྒུགས་ནས་འདུག །
ལྕགས་ཀྱིས་ནི་རྟ་བྲོབས་ལ།།
ཡོབ་ཀྱིས་ནི་གློ་རྡུང་ལ།།
ཉག་ཆེན་དེ་བརྒྱུད་པར་རེམས།།
ཉི་མ་ཞིག་ཡོད་ཚོད་འདུག
གསོས་སྨན་ཞིག་རེག་ཚོད་འདུག
གསེར་སྒྲུབ་ནི་ཟིན་རབས་འདུག
2012.2.21
རྩོམ་ཁུངས། ངེད་དྲ་བ།