འཁྲུལ་སྣང་ཟ་ཟི།
སྟོད་ཕྱོགས་རི་ལ་སོང་ན་ཤྭ་དང་ཡུ་མོ་མི་འདུག།
བར་གྱི་མཚོ་མོ་འགྲིམ་དུས་གསེར་ལྡན་ཉ་མོ་མི་འདུག།
སྨད་ཕྱོགས་གྲོང་ལ་སོང་ན་ཡིད་མཐུན་བྱམས་པ་མི་འདུག།
རང་ལ་དགོས་པའི་དག་ཞིང་རྙེད་པའི་བསྐལ་བ་མི་འདུག།
དུས་ཀྱི་འཕོ་འགྱུར་ཀློང་ནས་སེམས་ཀྱི་བརྩེ་བ་བོར་ཐལ།།
མི་རབས་གསར་བའི་དབུས་ནས་གཤིས་རྒྱུད་སྲོག་ཤིང་ཆག་ཐལ།།
རྟ་ཕོ་རང་གིས་ཞོན་ཡང་རྟ་ཁ་རང་ལ་མ་དབང་།།
ཟང་ཟིང་འཚོ་བའི་ཟུར་ནས་ཤེས་རབ་རྣོ་དབལ་ཤོར་ཐལ།།
དངོས་པོ་འགྱུར་བའི་གཤིས་ལ་ཡིད་སྨོན་ཤོར་ནས་ཅི་བྱ།།
རང་ཉིད་འགྱུར་བའི་ཕྱོགས་སུ་ཏིང་འཛིན་སྒོམ་པའི་དུས་སུ།།
རྒྱལ་བོའི་ཕོ་བྲང་སྔོགས་པའི་ཧམ་སེམས་རང་ལ་ཡོད་འདུག།
བཙུན་མོ་འཕྲོག་པའི་འདོད་རྔམ་གཉུག་མའི་གཏིང་དུ་སིམ་འདུག།
རེ་བ་རྒྱང་ན་ཡོད་ཀྱང་འཛུམ་ཆུང་གྲོལ་དགོས་བྱུང་སོང་།།
འགྲོ་འདུག་རང་ལ་མེད་ཀྱང་མགོ་བོ་མཐོན་པོར་བཏེགས་ཡོད།།
འཇིག་རྟེན་སྣང་བའི་བར་ནས་ཆེན་པོ་གཞན་དག་ཤོར་ཐལ།།
ཁ་ཚོད་མཐོ་བའི་རང་ལ་ཁོག་རྒྱ་ཁབ་སྐུད་ཙམ་རེད།།
བདེ་མོའི་སྤང་ཐང་བསྐྱུར་ནས་གྲོང་ཁྱེར་ནང་དུ་ཐོན་དུས།།
བག་ཕེབས་ལྷུན་ཆགས་འཚོ་བ་ཟང་ཟིང་ཁྲོད་དུ་ཐིམ་ཐལ།།
མར་ཆུར་རྩམ་པ་བཞགས་ནས་འཚོ་བ་གསར་བ་རོལ་དུས།།
འབྱོར་བའི་བསླུ་བྲིད་བར་ནས་ཕ་མའི་བསླབ་བྱ་བརླགས་ཐལ།།
སྦྲ་ནག་གྲུ་བཞིའི་ནང་དུ་དྲོད་ཁོལ་དེ་ཙམ་མེད་ཀྱང་།།
བྱམས་དང་བརྩེ་བ་འཁྱིལ་བས་སྣང་བ་དགུང་དུ་བཏེགས་ཡིན།།
སྟོང་ཕག་ཁང་བའི་ནང་དུ་འཚོ་བ་གསར་བ་སྙེགས་ཀྱང་།།
འཁོས་ཞན་ཀླད་མེད་བུ་ལ་འབྱོར་བས་འབིགས་གཙེགས་བྱས་ཐལ།།
ཤེས་བྱའི་གླིང་གི་ལས་ལ་སྨོན་འདུན་རི་འདྲར་བཅངས་ཡོད།།
དྲག་པོའི་དཔུང་ཤུགས་བར་ནས་འདུན་པ་ཐལ་བར་བརླགས་ཐལ།།
རེའུ་མིག་ཁང་སྐོང་ཕྱོགས་ནས་ཟླ་ཕོག་ལེན་ཐབས་ཡོང་ཡང་།།
མི་ཚེ་གཏོང་ཟད་གཏོང་བའི་ལས་ལ་འཁོར་འདོད་མ་བྱུང་།།
མི་འཁྱག་མི་ལྟོག་ཟླ་ཕོག་རང་རིགས་བརྗེད་པའི་གཞི་མ།།
འཁྱག་སྟེ་ཤིད་པའི་རང་རིགས་མཐོང་ནི་སུ་ཞིག་ཡོད་དམ།།
ལྟོག་ནས་ཤི་བའི་ལོ་རྒྱུས་མེས་པོའི་ཞལ་ནས་མ་ཐོས།།
དཀའ་ལས་རྒྱག་དགོས་བྱུང་ཡང་མགོ་བོ་སྒུར་འདོད་མི་འདུག།
༢༠༡༡ལོའི་ཟླ༡༠པའི་ཚེས༡༨དགོང་མོ་གངས་ལྗོངས་བདེ་སྐྱིད་མགྲོན་ཁང་དུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།