སེམས་གསོན་པོ།
ཕ་ཡུལ་ཕྱོགས་ཀྱི་མགྲོན་པོས།།
སྐད་དང་སྐུར་མ་འཕྲོད་སོང་།།
ཕ་ཁྱིམ་དྲོན་མོའི་གཞི་ལ།།
འཇའ་དང་འོད་ཀྱིས་ཁེངས་སོང་།།
རི་བོ་ཧི་མ་ལ་ཡར།།
ང་ཡིས་ཕྱི་ནས་བལྟས་ཡོད།།
གངས་ཀྱི་དབུ་ཞྭ་མནབས་པས།།
ཁྱོད་ཚོའི་སེམས་པ་མཐོང་ཡོད།།
བསིལ་བསིལ་རླུང་བུས་ངོ་གདོང་འཁྱགས་ལ་སྦྱར།།
བརྩེ་བའི་ལྕགས་ཀྱུས་ང་ཉིད་ཁྱིམ་ལ་བསུས།།
དབུ་སྐྲར་བསེ་མདའ་ལྷུང་བའི་ཡབ་ཆེན་གྱིས།།
སྤྱན་གྱི་གཟི་མདངས་ང་ཡི་བྲང་ལ་བཏབ།།
མི་ཡུལ་འཁོན་གྱི་སླེ་བོ་རུ།།
རང་སྡུག་མྱངས་པ་མང་མིན་ཡང་།།
ཡིད་བྱམས་ཆེ་ཞིང་དྲིན་ཆེན་མས།།
མཆི་མའི་གཟེར་མ་གློ་བར་བརྡབ།།
འདས་མ་ད་ཡི་དཀྱིལ་འཁོར་ནས།།
ང་ཉིད་ལྷ་རུ་བཀུར་མཁན་པ།།
ནང་མི་བདུན་ཚར་གཅིག་པོ་ལ།།
ཤི་ཡང་འབྲལ་བའི་བློ་མ་མཆིས།།
བསམ་བཞིན་ས་མཐར་མ་ཡིན་ལ།།
བསྐོས་པ་ལས་ཀྱིའང་ཡིན་མིན་མོད།།
བརྩེ་བའི་ཕྱི་ཐག་བསྲིང་སླད་དུ།།
ད་དུང་དུའང་དགོངས་ཡངས་མཛོད།།
རང་ཉིད་རང་གི་མགོན་དུ་ན།།
རང་ཉིད་རང་གི་སྐྱབས་སུ་ན།།
ང་ཡི་འདོད་པ་འགྲུབ་སླད་དུ།།
ཁྱོད་ཚོ་སྙིང་དུ་སྒོམ་སླད་དུ།།
མི་འགྱངས་ལྷན་གནས་མ་དགོངས་ཤིག།
ལྷན་དུ་འཛོམས་ན་དགའ་བ་ལ།།
མཉམ་དུ་བགད་ནའང་སྐྱིད་པ་མོད།།
མི་ལུས་དོན་ལྡན་བསྒྲུབ་སླད་དུ།།
ངས་ཀྱང་རང་ཉིད་རིང་དུ་བསྐྱེད།།
ཁྱོད་ཚོས་ཁྱོད་ཚོར་བདེ་བ་བསྐྲུན།།
མི་ཡུལ་གཡུལ་ས་གྲུ་བཞི་ནས།།
ས་མཐའ་སྡུག་གི་འཁོར་ལོ་ནས།།
རང་ཉིད་མ་ཤི་གསོན་པའང་།།
བརྗིད་དུ་རྩི་མཁན་མཆིས་མོིད་ཀྱང་།།
ངས་ནི་དེ་དོན་རིང་དུ་སྤངས།།
ལར་ཤས་སྟོབས་ནི་ཡིད་ཀྱིས་དེ།།
འགའ་ཡིས་དཔལ་ནི་ངག་གིའོ།།
ཁ་ཤས་འོད་ནི་ཕྱི་ཡི་སྟེ།།
ངས་ནི་དེ་དག་མ་ཡིན་ཏེ།།
སེམས་དང་ལས་ནི་དྲང་བོའོ།།
འདི་ནས་ཕྱི་ནང་དགྲ་གཉེན་མ་བྱས་པར།།
དེ་ནས་ངོ་སོ་མཐོ་དམན་མ་བསམ་པར།།
གང་དུ་གནས་ཀྱང་དྲང་པོ་མ་བཅགས་ན།།
རང་གི་ལས་ལ་འབྲས་བུར་ལྡན་པར་དུ།།
རང་གིས་བསམ་ཡང་གཞན་དུ་ཅི་ཆའོ།།
སྟོན་པའི་མཛད་པར་འཕྱ་བ་ཡོད་གྱུར་ན།།
བླ་མའི་གསུང་ངག་བཅགས་པར་བྱེད་པས་ན།།
རང་འདྲའི་ཚོགས་ལ་སྨད་པ་མཆིས་མོད་ཀྱང།།
དེ་ནི་སེམས་ཀྱིས་ངལ་བ་མ་ཡིན་ལ།།
རང་གིས་རང་འདུན་གཅེས་པ་གལ་དུ་ཆེ།།
ཡིན་ཡང་དྲན་པ་སེམས་ཀྱིས་ཏེ།།
གྱེས་པའི་སྐྱོ་གདུང་ཡང་སེམས་ཀྱིས་སོ།།
མི་སེམས་གཡོ་བ་འགག་པས་ན།།
ངས་ནི་ཅི་ཡང་འཁྱོངས་མ་ཡིན།།
ཁྱོད་ཚོས་སེམས་ཀྱང་བསད་པ་ཡིན།།
མི་འདོད་དབྱངས་ཀྱི་འགྱུར་བག་ནི།།
ང་དང་ཁྱོད་ཀྱི་མ་ཡིན་པས།།
སེམས་དང་ལས་ཀྱང་མ་འཁྱོགས་ན།།
མི་ཡུལ་གཡང་གི་ར་བ་རུ།།
ལྷན་དུ་འཛོམས་པའང་ཡོད་པར་སེམས།།
མ་སྐྱོ་མ་སྡུག་དྲིན་ཆེན་མ།།
མ་བསམ་མ་གདུང་ཡབ་ཆེན་ཕ།།
བཟོད་པར་གསོལ་ལོ་མིང་སྲིང་ཚོ།།
ང་ཡང་མི་ཆེ་མི་ཆུང་སྟེ།།
ཕོ་ལོ་སུམ་ཅུ་ཟིན་ནས་ཡོད།།
ད་ནི་ཅི་ཡང་བསམ་ནས་ཡོད།།
ཡོད་པོར་ཡོད་སྒང་ད་སྐབས་དང་།།
འཇོན་པོའི་འཇོན་སྐབས་ཀྱང་ད་ལྟའོ།།
ངས་ནི་རང་ཉིད་ཐེངས་ཤིག་ཏུ།།
རྒྱ་ཁར་བཞག་པས་ཆོག་གོ་ལོ།།
*རང་ཡུལ་ནས་ལྟོ་བར་ཕ་ཡུལ་གྱི་མར་ཕྱུར་རྩམ་གསུམ་དང་ལུས་ལ་གོན་པ་ཆ་ཚང་ད་དུང་རྨ་ལྷོ་སོག་རྫོང་གི་བོད་སྨན་༼གྲུབ་ཐོབ་རིལ་དཀར་༽དང་༼ཕོ་རྒྱུ་བདེ་བྱེད༽༼མཁྲིས་རྒྱུ་བདེ་བྱེད༽ཕ་ཡུལ་གྱི་རི་ཆུ་ནགས་གསུམ་བརྙན་དུ་བླངས་པའི་འོད་སྡེར་༼ཉི་གཞོན་བསུ་བའི་རྒྱང་འབོད༽བཅས་ཀྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ་བ་མི་ལག་བརྒྱུད་གནས་མཆོག་རྡོར་གདན་དུ་ལག་སོན་བྱུང་པར་དགའ་སྐྱོ་འདྲེས་མའི་ཚོར་བས་བརྫིས་ཤིང་རང་ཉིད་ལ་ཤ་ཚ་སྙིང་ཉེ་ཆེ་བ་དག་གི་སེམས་དཔའ་བར་བྱ་ཕྱིར་དང་བཀའ་དྲིན་མཚོན་དོན་དུ་ཕུལ་བ། 2012.01.10ཉིན།
རྩོམ་ཁུངས། ངེད་དྲ་བ།