དོ་ཧའི་ཡུལ་ནས་བླངས་པའི་དོ་ཧ།
དོན་གྱི་དོ་ཧ།
ས་ར་ཧ་ཡི་དོ་ཧ་ནི།། ཕྱག་རྒྱ་ཆེན་པོའི་གནས་ལུགས་ཡིན།།
དེ་ཡི་དོན་རྟོགས་རོ་མྱོང་ན།། འཇིག་རྟེན་སྡུག་བསྔལ་རྩ་བ་འཇོམས།།
ཏེ་ལོ་པ་ཡི་དོ་ཧ་ནི།། སེམས་ཀྱི་གནས་ལུགས་མཐར་ཐུག་ཡིན།།
དེ་ཡི་དོན་ཤེས་་མངའ་བརྙེས་ན།། ཉོན་མོངས་ཐམས་ཆད་ཕྱེ་མར་འཐག།།
ཌོན་བུ་པ་ཡི་དོ་ཧ་ནི།། ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ།།
རིག་མའི་རིག་པ་ཀློང་གྱུར་ན།། མཁའ་སྤྱོད་ཞིང་དུ་མངོན་སུམ་གཤེགས།།
ནུ་གུ་མ་ཡི་དོ་ཧ་ནི།། གཉུག་མའི་འོག་གསལ་སྙིང་པོ་ཡིན།།
མ་བུའི་འོད་གསལ་འདྲེས་གྱུར་ན།། དག་པའི་སྒྱུ་ལུས་ཡོངས་སུ་འགྲུབ།།
ཡེ་ཤེས་མཚོ་རྒྱལ་དོ་ཧ་ནི།། རིག་པ་ཟངས་ཐལ་ཕྱལ་ལེ་བ།།
རང་རིག་ཡེ་ཤེས་ངོ་ཤེས་ན།། འཁོར་འདས་གཉིས་མེད་རང་གྲོལ་འགྱུར།།
ཇོ་མོ་སྨན་མོའི་དོ་ཧ་ནི།། གསང་ཆེན་མཁའ་འགྲོའི་ཆོས་ཉིད་ལགས།།
དབང་བཞི་ཉམས་རྟོགས་མཐར་ཕྱིན་ན།། ཆོས་ཉིད་ཟད་པའི་རྒྱལ་ས་ཟིན།།
སུ་ཁ་རྡོ་རྗེའི་དོ་ཧ་ནི།། བདེ་སྟོང་ཟུང་འཇུག་ཆེན་པོ་ཡིན།།
བདེ་བཞི་སྟོང་ཆེན་བཞི་རྟོགས་ན།། འཇའ་ལུས་རྡོ་རྗེའི་སྐུ་རུ་གྲོལ།།
མྱི་ནག་དོ་ཧ།
ཁ་ཆེ་དོ་ཧའི་ཡུལ་དུ་ནི།། ང་ཡིས་མི་ནག་དོ་ཧ་འབྲི།།
མྱ་ངན་ཐང་འདི་རྒྱ་ཡང་ལ།། རླུང་དམར་འཚུབ་དུས་དམྱལ་བ་འདྲ།།
ཉི་འོད་འཕྲོ་དུས་ཚ་དམྱལ་དང་།། ཆུ་ཡིས་སྐོམ་དུས་ཡི་དྭགས་ཡུལ།།
ལྭ་དཀར་གསར་བུ་རྒྱག་ལ་ཁེངས།། ལྭ་ནག་བུད་མེད་དབང་དང་བྲལ།།
བྱེ་ཐང་འོག་ནི་སྣུམ་གྱིས་ཁེངས།། དེ་ཡིས་མི་ཡི་བདེ་སྐྱིད་སྒྲུབ།།
བུ་དང་བུ་མོ་མང་པ་ནི།། མ་འོང་སྐྱ་དམག་དར་ཆེད་འདྲ།།
གཞན་གྱི་གྲུབ་མཐའ་མཐར་སྐྲད་ཅིང་།། རང་གི་ཆོས་ལུགས་བཙན་སྤེལ་བྱ།།
དེ་ནི་དག་ཞིང་རྒྱུ་ཡི་ཞིང་།། སྟོན་པ་དགྱེས་པའི་མཆེད་པ་ཟེར།།
བར་དོ་ལྟ་བུའི་ས་འཐིབ་ཀློང་།། དེང་རབ་ཁང་བརྩེག་བརྗིད་ཅིང་རྔམ།།
རླངས་འཁོར་རྒྱུག་འཁོར་གང་སར་ཁྱབ།། རྒྱུ་ཡི་འགྲན་རྩོད་མཐའ་དང་བྲལ།།
ཟང་ཟིང་ཚོང་རྫས་རྫུན་མས་ཁེངས།། མི་གཅིག་རིགས་ལ་བཙན་གནོན་བྱེད།།
ཕྱི་ཚུལ་ཇི་ལྟར་མཛེས་འདྲ་ཡང་།། ལྐོག་ལས་ངན་པ་དུག་དང་འདྲ།
ཀྱེ་མ་འཁོར་བའི་མི་ནག་ཚོར།། དོན་གྱི་དོ་ཧའི་ལས་དང་བྲལ།།
འཇིག་རྟེན་གྲོང་ཁྱེར་དོ་ཧ་འདི།། འཁོར་བའི་གཏིང་རྡོ་ནག་པོ་ཡིན།།
ཁ་ཆེའི་ཡུལ་དོ་ཧ་གྲོང་ཁྱེར་ནས།
རྩོམ་ཁུངས། ངེད་དྲ་བ།