སེམས་གཏམ་སེམས་ཤོར་མ།
མ་འོངས་ལམ་ཆེན་ལ་སེམས་ཁ་འཁོར་བ་ནས།།
བདེ་བའི་འཇིག་རྟེན་ལ་རང་སེམས་ཐབས་ཀྱིས་ཁྲིད།།
འདི་སྣང་ལེགས་ཚོགས་ལ་རྫོགས་ཚིག་བཀོད་བསམ་དུས།།
ཡིད་ཀྱི་ཟབ་ས་ནས་དུངས་པའི་ལྷ་ཞིག་རྙེད།།
མཛེས་འཆང་གང་དེ་ཡི་ལང་ཚོའི་དབྱར་གཞུང་ལ།།
འདྲེན་བྱེད་ཡུ་མོ་ཟུང་ཤོར་བ་ཞེ་དྲག་པས།།
ཡ་ཆུང་གངས་དཀར་འདི་དེ་ཡིས་བདག་གིར་བཞེས།།
ཏིང་འཛིན་སྒོམ་ཐག་གི་འདུད་ཡང་དེ་ནས་གྲོལ།།
ལྷ་བྱ་ཁུ་བྱུག་གི་གསུང་སྙན་གྲེ་འགྱུར་ལ།།
རེ་སྒུག་སྟོང་ལྡན་གྱི་བྱིའུ་ཆུང་འཇོལ་མོ་བཞིན།།
ཕ་རིའི་བུ་མོ་འདིའི་གུ་ར་རྩེད་མཚར་ཡང་།།
དྲན་གདུང་རིང་མོ་ཡི་རོལ་བའི་དབྱངས་སུ་གྱུར།།
ཡིད་འོང་མཚོ་སྐྱེས་ཀྱི་དྲི་དང་རོ་མངར་ལ།།
བུང་བ་ངོམ་མེད་དུ་ཅི་དགར་རོལ་བ་བཞིན།།
ཤ་འཇམ་པགས་པ་ཡི་རེག་བྱའི་ཚོགས་རྣམས་ལ།།
རོལ་བས་འཕེན་པ་དེ་སེམས་ཀྱི་གཏིང་ནས་འཕྱུར།།
མི་གསལ་གསལ་མིན་གྱི་སྒོ་ལྔའི་ཤེས་པ་ཀུན།།
འདུན་པའི་འདུ་ཤེས་འདིས་ལུས་ཀྱི་བྲན་དུ་འདུས།།
ནང་སེམས་མི་མཐོང་ཡང་ཕྱི་ཡི་མཛེས་པ་ལ།།
རྟག་ཏུ་རོལ་མྱོང་གི་སྟོང་བ་སེམས་ནས་རྟས།།
མཐོ་བ་དཔོན་པོ་ནས་དམའ་བ་སྤྲང་བོའི་བར།།
སུ་ལ་མེད་མིན་གྱི་ཚོར་བའི་འཚོ་བ་འདི།།
མངར་ནི་མངར་མོ་སྐྱུར་ནི་སྐྱུར་མོ་དྲགས།།
མི་ཡི་མི་ཚེ་ལ་ལྡོག་མེད་ཆོས་སུ་གྲུབ།།
ནང་གི་འདོད་པ་ལ་ཕྱི་ན་གཟུགས་མེད་པས།།
གཞན་གྱིས་མཐོང་དཀའ་ལ་ཐོབ་ན་ཞེ་དྲག་སྡུག།
རང་རང་ཁོ་ན་ཡི་འཁོར་བའི་ཀློང་རིམ་མམ།།
སེམས་ཀྱི་ཚོར་བ་འདི་ཚིག་གིས་ཇི་ལྟར་མཚོན།།
མི་རྟག་འཇིག་རྟེན་འདི་སྣང་བ་ཉིད་ལ་ཁེན།།
སྣང་བ་རང་ལ་ཁེན་རང་ཉིད་གང་ལ་འཁྱམ།།
སྐྱིད་པའི་ལྷ་ཡུལ་དང་སྡུག་པའི་དམྱལ་ཁམས་ཡང་།།
མི་བརྟན་རང་རང་གི་གནས་ན་འདར་སིག་སིག།
སྲེད་པའི་འཁོར་བ་དང་འཁོར་བྱེད་འདི་ཡིན་ལ།།
སེམས་ཀྱི་ཚོར་བ་དང་འཚོ་བ་འདི་ལྟ་སྟེ།།
སྣང་སྟོང་དབྱེར་མེད་ཀྱི་དེ་ཉིད་མ་མཐོང་བས།།
རྣམ་ཤེས་གྲངས་མེད་ཀྱིས་བདེ་བའི་གནས་མ་རེག།
༡༡༡༢༡༣
རྩོམ་ཁུངས། ངེད་དྲ་བ།