བཀྲ་ཤིས་དོན་གྲུབ།
ཁྱེད་ཀྱི་ཨ་ཕས་གཡུ་འབྲུག་སྔོན་མོའི་སྒལ་རུས་འཕྲོག་ཀྱང་གཏམ་རྒྱུད་ཙམ།།
ཁྱེད་ཀྱི་ཨ་མས་རིན་བྲལ་གསེར་གྱི་ཆུ་བོ་བཅུས་ཀྱང་སྔར་སོང་ཙམ།།
སེམས་ཀྱི་གྲོགས་པོ་བཀྲ་ཤིས་དོན་འགྲུབ་མ་འདུག་ཞིབ་མོའི་འདང་ཞིག་རྒྱོབ།།
དུས་རབས་ཉི་ཤུའི་ཚ་རླབས་ཀློང་གི་རང་གི་རིགས་ལ་མིག་ཅིག་ལྟོས།།
འདབ་ཆགས་གླག་གི་གཤོག་པའི་བར་ལ་ཉི་ཟླ་ཁུར་ཏེ་མགོ་ནས་འཕུར།།
སྡེར་ཐོགས་སྤྱང་མོའི་མཆེ་བའི་བར་ལ་རི་ཆུ་བཟུང་སྟེ་མཇུག་ནས་བྲོས།།
ཅང་ཤེས་རྒོད་པོའི་མཐུར་ལ་འཇུས་བའི་རིག་བཟང་བཀྲ་ཤིས་དོན་འགྲུབ་ཁྱོས།།
རྒྱ་གར་པུ་ར་ལག་ཏུ་བཟུང་ནས་མཐོན་པོའི་ཀི་ཞིག་མི་འདེབས་སམ།།
ཚན་རྩལ་དཔའ་བོའི་རིག་ལམ་བར་ནས་རྒྱུ་སྐར་ལའང་སྦྲེལ་ཐག་འཐེན།།
དཔྱོད་ལྡན་རྩོམ་པོའི་མྱུ་གུའི་འོག་ནས་གནམ་ས་ལའང་བཀྲག་མདངས་སྤྱིན།།
གསལ་བྱེད་སུམ་ཅུའི་མདངས་ལ་འགྲོགས་པའི་སྐལ་ལྡན་བཀྲ་ཤིས་དོན་འགྲུབ་ཁྱོས།།
སྲོང་བཙན་རྗེ་ཡི་རྣམ་དཔྱོད་གཡར་ཏེ་མྱུར་མོའི་ཐབས་ཤིག་མི་འཐེན་ནམ།།
བློ་ཞིག་ཡོད་ན་སྒྲིམ་རན་རེད་འདུག་ལ་ལ་ཟླ་བའི་སྟེང་ན་རྒྱུགས།།
དཔའ་ཞིག་ཡོད་ན་སྟོན་ཚོད་ཡིན་འདུག་འགའ་རེས་ས་ཡིན་རྐང་ཡང་གཤེགས།།
གློག་དང་འཕྲུལ་གྱི་ཡོ་ལང་རྒོད་པའི་དུས་རབས་ཉི་ཤུ་རྩ་གཅིག་ལ།།
ཁྱེད་ག་ཚང་ལ་རང་སྣང་མཐོ་བའི་རྨི་ལམ་གསེར་གྱི་ཁྲི་ཆེན་ཞིག།
སྙིང་རྩ་མ་འཁུམས་གནམ་ས་འགེམས་པའི་བཅུ་ཕྲག་རིག་གནས་འདི་ན་ཡོད།།
མགོ་བོ་མ་སྨད་རིན་ཐང་རྫོགས་པའི་ནོར་བུའི་གདན་ས་འདི་ན་ཡོད།།
མིག་ཟུང་མ་བཙུམས་སྐྱ་རེངས་བསུ་བའི་འོད་སྣང་ཕོན་པོ་འདི་ན་ཡོད།།
ལག་པ་མ་བཀུམ་བློ་ཡིད་འཕྲོག་པའི་རི་ཆུའི་མཛེས་བ་འདི་ན་ཡོད།།
ཁྱེད་ཀྱི་མེས་པོས་པོ་ཏ་ལ་ཡི་རྨིང་རྡོ་བསྐྲུན་པ་གན་འདྲ་རེད།།
ཁྱེད་ཀྱི་རྨོ་མོས་རེ་སྦྲ་ནག་པོ་བློ་ཡིས་བཟོས་བ་འདི་མོ་རེད།།
སྔོན་བྱོན་བཙན་པོས་གསུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་བ་སུས་མི་ཤེས།།
ད་ནི་མ་འདུག་བཀྲ་ཤིས་དོན་འགྲུབ་ཕ་རྒྱུད་བུ་ཡིས་འཛིན་ཚད་རེད།།
༢༠༡༡.༡༢.༡༤ ཉིན་གཉན་ཐོག་དགོན་པ་ནས།
རྩོམ་ཁུངས། ངེད་དྲ་བ།