འདོད་ཡོན་ལྔ་ཡི་ལོངས་སྤྱོད།
༼གཟུགས༽
ཡིད་འོང་མེ་ཏོག་བཞིན་དུ་དགོད་པའི་འཛུམ།།
གདོང་བ་བཞི་བས་བལྟས་ཀྱང་ངོམས་མེད་བརྙན།།
ལྡེམ་མྱུར་གཡོ་བའི་གར་སྟབས་བསྒྱུར་དང་ལྷན།།
བདག་གི་མིག་གི་དབང་བོར་དགའ་སྟོན་སྒྲུབས།།
༼སྒྲ ༽
རྣ་བ་བརྒྱད་པས་ཉན་ཀྱང་མི་ངོམས་པའི།
ཚངས་བའི་གདངས་ཀྱིས་སྤྲུལ་བའི་ངག་གི་སྙན།།
དྲི་ཟའི་དབྱངས་ཀྱི་རོལ་མོ་དང་སྡོངས་ཏེ།།
བདག་གི་རྣ་བའི་དབང་བོར་དགའ་སྟོན་སྒྲུབས།།
༼ དྲི ༽
ཆེད་ལས་བཟོས་པའི་རྒྱ་སྤོས་མ་ཡིན་ཏེ།།
ལུས་སུ་པདྨའི་དྲི་ངད་མ་བྱུགས་པར།།
ལྷན་སྐྱེས་ཉིད་ནས་ལྡང་བའི་བསུང་ཞིམ་དེས།།
བདག་གི་སྣ་ཡི་དབང་བོར་དགའ་སྟོན་སྒྲུབས།།
༼ རོ ༽
ཆོག་ན་ཁམ་གྱིས་ཟ་བ་ཁྱོད་ཀྱི་ལུས།།
མ་ཆོག་ཡང་ཡང་གཞིབས་པའི་གནས་ལུགས་སུ།།
མཆུ་དང་མཆུ་སྦྱར་བར་གྱི་ཚོར་རྟོགས་ཀྱིས།།
བདག་གི་ལྕེ་ཡི་དབང་བོར་དགའ་སྟོན་སྒྲུབས།།
༼ རེག༽
མཉེན་ལྕུག་དྲང་བའི་ལུས་སུ་གཞོན་ཤ་ཆགས།།
དེ་རུ་ཆགས་པས་སོར་གྱིས་དམ་དུ་འཁྱུད།།
ཕན་ཚུན་ཟུང་ལ་འཁྱུད་པའི་རྩེ་དགའ་ཡིས།།
བདག་གི་ལུས་ཀྱི་དབང་བོར་དགའ་སྟོན་སྒྲུབས།།
རྩོམ་ཁུངས། ངེད་དྲ་བ།