སྙིང་གཏམ་དུང་གི་སྒྲ་དབྱངས་ཅན།
____སྔར་མ་ཐོབ་ཅིང་ཕྱིས་སུ་ཐོབ་མི་སྲིད་པའི་བརྩེ་དུང་གི་མངར་ཁས་དྲངས་པའི་ཕྱི་ནང་བར་གསུམ་དང་བདེ་སྡུག་བར་མའི་བདུད་རྩིའི་མཆོད་པ།
༡
དགུན་ཙག་བསེར་འཚུབ་རླུང་ཁྲོད་ན།།
འགུལ་བཞིན་པའི་མེ་ཏོག་གསོན་པོ།།
ངའི་སྙིང་གི་ལྟེང་ཀར་ལྷུང་དུས།།
ལུས་འཁྱག་ཀྱང་སེམས་ཀྱི་ལྗོངས་ལ།།
དབྱར་ཉི་མའི་ཚ་ཟེར་འཕྲོས་འཕྲོས།།
དགུན་སྐྱ་བོར་ཁ་བ་འབབ་འབབ།།
སྟོན་ར་བའི་ཤིང་འབྲས་སྨིན་སྨིན།།
དཔྱིད་ས་ཞིང་ལྗང་མྱུག་འབུས་འབུས།།
འདི་སྐྱེས་སྔོན་སྨོན་ལམ་ཚོགས་བསགས།།
ལས་འདི་ལ་མྱོང་བ་ལོས་ཡིན།།
ཁ་གྲག་ན་ཚིག་གསུམ་བཤད་ས།།
ལག་བྲང་བཞག་ཞིབ་འདང་རྒྱག་ས།།
མིག་བཙུམ་ན་ཡིད་ངོར་འཁོར་བ།།
ཞེ་མཐུན་པའི་ཨ་ཅེ་ལྷ་སྒྲོན།།
༢
སྐུད་མེད་ཁ་པར་གྱི་འཕྲིན་སྐྱེལ་ཕོ་ཉར།།
ལྷད་མེད་རྣམ་དག་གི་བརྩེ་བ་དྭངས་མོ།།
ཟོལ་མིན་དོན་དངོས་ཀྱི་དུངས་པ་རྣོན་པོ།།
ངག་རིག་སྒྱུ་རྩལ་གྱི་སོ་རྩེར་དྲངས་ཏེ།།
གློག་འགྱུའི་མཛུབ་མོ་ཡིས་ཚགས་སུ་བསྒྲིགས་པ།།
རེ་སྒུག་གྲངས་མེད་ཀྱིས་ཕར་ལ་བསྐུར་ཏོ།།
ཚུར་ལེན་ངང་སྒུག་གི་སྐར་མའི་དུས་ཚོད།།
བསྐལ་བ་རྒྱ་མཚོ་ཡི་ཡུན་ལས་འགོངས་པའི།།
སྣང་བ་བརྒྱ་འཁྲུལ་གྱི་ཀློང་དུ་འཚུབ་སྟེ།།
རང་བྲིས་བརྩེ་འཕྲིན་ལ་ཡང་ཡང་ལྟ་བཞིན།།
མ་འགྲིག་བྲིས་ནོར་གྱིས་རང་འཁང་གནང་བ།།
འདི་ལས་ནན་ཏུར་གྱི་དོ་ཡ་མི་འདུག།
འདི་ལྟའི་གཞུང་དྲང་གི་འདུན་མ་བསྡམས་ཏེ།།
འདི་ནས་བརྩེ་འདང་གི་ལམ་ཆེན་གཤག་དགོས།།
༣
ལོ་ཟླའི་ཁུགས་སོ་ལྟེབས་བཅག་བགྱིས་ཏེ།།
སློབ་ཆེན་ལོ་གསུམ་སྣང་བས་རོལ་ཞིང་།།
ཁ་ཁོག་མཐུན་མེད་འགལ་བའི་མཐའ་རུ།།
དམ་ཉམས་ཚིག་གི་རང་སྡུག་མྱོང་བ།
བསླུས་པའི་མིག་ལ་ཁྲ་ཁྲས་སྒྲིབ་ཏེ།
སེམས་ངོར་མདུན་ལྗོངས་མུན་པས་བཟུང་དུས།།
དཔའ་མདངས་ཨག་སྐད་མཐོ་རུ་ཕྱུང་ཡང་།།
ད་ནི་ཁེར་སྡུག་ཉིན་མཚན་སྐྱ་བོ།།
ཅི་ཞིག་བཙལ་འདོད་འཚོལ་ཆོག་མིན་ཏེ།།
རང་སྣང་འཕྲུལ་བའི་སྟོང་བ་འབའ་ཞིག།
སུ་ཞིག་རོགས་ཟླར་དྲངས་ནི་ཆོག་མིན།།
ཚིག་གི་སྟོན་པ་རྣོ་རྟུལ་མིན་ལ།།
ཕྱི་ཡི་བཅོས་མའི་ཡག་བཙོག་མིན་པར།།
སྔོན་སྨོན་ལས་ཀྱི་བཀའ་ལུང་རང་བསྟུན།།
༤
འདི་ལྟའི་ངོས་ཟིན་གྱི་རང་སེམས་བཀྲུས་ཏེ།།
ལས་སྐལ་སྐད་ཅིག་གི་ཡུན་ཚད་ཡིན་ཀྱང་།།
འདི་གང་གཡོལ་མེད་ཀྱིས་གཅེས་སྤྲས་བགྱི་བཞིན།།
དགའ་སྡུག་སྙིང་ཁོང་གི་བསླུ་མེད་ལྷ་ཆེན།།
ཡང་ཡང་གསོལ་འདེབས་ཀྱི་མཆོད་པ་ཕུལ་ཏེ།།
མི་འགྱུར་ཕྱི་ཐག་གི་སྐྱབས་སུ་འཛིན་ཞིང་།།
ཚེ་གང་དགའ་སྡུག་གི་གཏམ་རྒྱུད་སྣ་ཚོགས།།
འཇིག་རྟེན་རྒྱུ་ལམ་གྱི་དོན་སྙིང་བརྩིས་ཏེ།།
དགའ་བའི་དགོད་ལྷང་གི་གདངས་དབྱངས་འཁྲོལ་བཞིན།།
སྡུག་པའི་ཁུར་བོ་ལ་མཉམ་ཤུགས་འདོན་པ།།
ཞེན་པའི་དཀོན་མཆོག་ལ་སྨོན་ལམ་འདེབས་བཞིན།
སྡང་བའི་གདོན་གེགས་ལ་གཏོར་མ་འཕེན་པ།།
གཅིག་ལ་གཅིག་རྟེན་གྱི་གཞིས་ཁྱིམ་གཅིག་ལ།།
གཉིས་ལ་གཉིས་མེད་ཀྱི་ཁ་ཞེ་གཉིས་ལས།།
གསུམ་པས་གསུམ་ཕུང་གི་འཁོར་བ་གསུམ་བསྐོར། །
སྡུག་པའི་ལས་ངན་གྱི་གྱོད་རྩ་རང་ངོ་།།
༥
འདི་འདྲའི་ངེས་ཤེས་ལ་བློ་སྙིང་འབུལ་བཞིན།།
འདི་འདྲའི་ཐབས་ཚུལ་གྱིས་ལག་ཏུ་བསྟར་བཞིན།།
བརྩེ་བའི་ཞེ་འདང་གིས་ཡིད་དུ་དྲངས་པའི།།
དགའ་བའི་བུ་མོ་དེའི་ལས་ཀྱི་ལམ་ལ།།
མི་བཤིག་མདུད་པ་ཡིས་དམ་དུ་སྦྲེལ་ཏེ།།
མི་མངོན་ཐུགས་བཙན་གྱི་ལྷ་ཆེན་འབོད་བཞིན།།
དྲིན་ཆེན་ཡབ་ཡུམ་ལ་གྲོས་ཕུགས་འདྲི་བཞིན།།
ཁ་ཡ་ན་ཟླ་ཚོར་སྙིང་གཏམ་གློད་དེ།།
མཐའ་མའི་ཐག་བཅད་ཀྱི་ཆོད་སེམས་བརྟན་པོ།།
རང་གི་ལམ་ཁ་དང་བསམ་གཞིགས་བསྣོལ་ཏེ།།
ཚེ་གང་མཉམ་འགྲོགས་ཀྱི་དབུ་མནའ་བཙན་པོ།།
སྐད་གསེང་མཐོ་མཐོ་ཡིས་བརྗོད་རྒྱུ་མིན་ལ།།
ངོ་གདོང་འཛུམ་འཛུམ་གྱིས་སྟོན་རྒྱུ་མིན་པར།།
རང་སེམས་གསལ་གསལ་ནི་རྡོ་བརྐོས་ལྟར་དུ།།
དམ་ཚིག་བཀའ་ལུང་ལ་ཕྱིར་བཟློག་མེད་དོ།།
༦
འཚོ་བའི་ཉིན་མཚན་གཉིད་ཀྱིས་མི་ཁུག།
བསམ་པའི་རི་མོ་འདོད་པས་མི་འགྲུབ།།
དུང་ཞེན་དྲོན་མོས་བདེ་དྲོད་མི་བསྐྱིལ།།
གང་ལ་རེ་བའི་དོན་གང་དེ་དག།
གང་གི་སྦྱོར་བའི་ཐབས་རྩལ་མེད་ན།།
གང་ཞིག་བསམ་པའི་མཛེས་པ་གང་དག།།
གང་གི་འཇའ་ཚོན་འོད་ཀྱིས་རང་འཇོམས།།
འདི་ལ་བསམ་ནས་སྦྱོར་བའི་གོམ་སྟབས།།
བྲེལ་བའི་ཚུལ་གྱིས་མྱུར་མོར་བརྒྱུགས་ཀྱང་།།
ཐོབ་ཤོར་རེས་མོས་གདོང་དུ་བསུས་དུས།།
ཆད་པའི་སེམས་ཐག་བསྐྱར་སྦྲེལ་མེད་པས།།
བརྒྱུད་པའི་ལམ་གྱི་དོན་སྙིང་རྡོག་པོ།།
ཀྱག་ཀྱོག་ལམ་དུ་བསམ་མེད་མྱངས་པའི།།
དགའ་སྐྱོ་འདྲེས་མའི་དྭངས་མོའི་མིག་ཆུ།།
ཕྱིར་མིག་གཉོམ་པོའི་མཐོང་པ་དེ་དང་།།
ལམ་དུ་བསྟེན་པའི་ངལ་གསོ་རང་ངོ་།།
༧
འདི་དག་ལམ་གྱི་གཡས་གཡོན་བཞག་ཅིང་།།
དགའ་བའི་བུ་མོ་གཏད་སོར་བཅས་ཏེ།།
དུང་བའི་སྙིང་གི་ཁྲག་རྒྱུན་དྲོན་མོ།།
འཁྱགས་ཤིང་ཆད་པའི་ལན་ཆགས་མེད་ན།།
སྲོག་གི་གསོན་པའི་དོན་གྱི་སྙིང་པོ།།
མ་བོར་ཕྱོགས་སུ་རིང་དུ་བཅོལ་ཡོད།།
འདི་ནས་ཕྱི་མའི་ལམ་ཁ་བར་དུ།།
རེས་མོས་མྱོང་བའི་གཏམ་གྱི་མུ་ཏིག།
མཉམ་འགྲོགས་བུ་མོའི་རྒྱན་དུ་འདོགས་ཡ།།
དགའ་ན་འཛུམ་པའི་ཉི་ཟེར་འཕྲོ་ས།།
སྐྱོ་ན་འཁྱག་པའི་མཆི་མ་བཞུར་ས།།
ཆགས་ན་ཞིམ་པོའི་འོ་སྦྱོར་གནང་ས།།
སྡང་ན་སེམས་ཀྱི་བཟོད་གསོལ་ཞུ་ས།།
དྲན་པའི་ནང་གི་དྲན་ཤིང་མེ་ཏོག།
འདོད་པའི་ནང་གི་འདོད་པ་དམར་རྗེན།།
བདེ་སྡུག་འཛིན་མའི་ཁྱོན་དུ་འཕོ་བའོ།།
སྤྱི་ལོ༢༠༡༡ལོའི་ཟླ༡༢པའི་ཚེས༢༥ཉིན་ལ་རང་ཤག་ནས།
རྩོམ་ཁུངས། ངེད་དྲ་བ།