སྙན་ངག་རྐང་ཆག་མ།
འཁྲུལ་མེད་ལམ་གྱི་བདེན་པ་བོར་བའི་ཐང་ཆེན་དུ།།
རེ་ཐག་ཆད་པའི་ལས་ཀྱི་གྲངས་ཀ་འབྲི་མི་ནུས།།
མི་ཚོགས་དཀྱུལ་ན་མགོ་བོ་མཐོ་བའི་དབང་ཆེན་འགས།།
འདོད་པའི་དོན་དུ་ཁ་དོག་སྣ་ལྔ་འབོར་ལ་ཉེ།།
མཆི་མ་མེད་པའི་རྨི་ལམ་ནང་ནས་ཕྱིར་བལྟས་ཀྱང་།།
རེ་བ་འབུས་པའི་མེ་ཏོག་དག་ནི་ཉི་མས་སྐམ།།
ཆང་གིས་བཟི་བའི་བྱིའུ་ཆུང་འཇོལ་མོའི་མལ་ཚང་དུ།།
དོན་མེད་མགྲོན་པོ་དག་ནི་ཉིན་རེ་བཞིན་དུ་མངས།།
ལས་ཀྱིས་བརྐོས་པའི་གནམ་གྱི་རྒྱལ་མོའི་ལག་བར་ན།།
བྱ་སྒྲོ་ཐོར་བའི་ཐང་དཀར་རྒོད་པོ་ཤུགས་ཀྱིས་འཕུར།།
གཤོག་པ་མེད་པའི་རིག་པའི་བང་རྩལ་འགྲན་པ་ན།།
ཚེར་མའི་ནང་དུ་རྐང་རྗེན་རྒྱུགས་པའི་དཔའ་བོ་མཚར།།
སྒྲུབ་ཁང་ནང་ནས་འཇིག་རྟེན་བཤད་པའི་དུས་ཚུགས་ནི།།
རེ་ཞིག་རྫོགས་པས་ཤི་མེད་བེམ་པོའི་སྐད་འགགས་འདུག།
རིག་པའི་རྩལ་གྱིས་ལྕགས་ཀྱི་ཁང་པའི་སྒོ་གཏོར་དུས།།
བདག་མེད་ཝ་མོའི་མུན་པའི་ཁྲོད་ནས་གླུ་དབྱངས་ལེན།།
ཤིང་ལོ་ལྷུང་ངའི་ཤག་སྒྲའི་བར་གྱི་བརྩེ་བ་ཡིས།།
མི་བསླུ་པ་ནི་དཀོན་མཆོག་མིན་ཏེ་རང་ཡིན་ཟེར།།
བདེན་པར་འབད་པའི་བྱ་གླག་བཙན་གྱིས་འཕུར་ན་ཡང་།།
རླུང་གི་དྲ་བ་གཅོད་པའི་རལ་གྲི་སུ་ལ་ཡོད།།
དུར་ཁྲོའི་ཚལ་གྱི་ཐ་རོའི་བྲིས་པའི་ཡི་གེ་དག།
མེ་ལོང་ངོགས་ཀྱི་གཟིགས་གཞི་དེ་ནི་མིན་ན་ཡང་།།
ཐ་མག་སེམས་ཀྱིས་བརྔུབས་པའི་ན་ཟུག་འཁྱག་པ་དེ།།
དྲན་པ་མ་ཐོར་གོང་གི་ཚོར་བ་ཅི་ལ་མིན།།
ཆར་བ་ཤུགས་ཀྱིས་བབས་པའི་དུས་འདི་འགྱུར་སྲིད་ན།།
མེ་ཏོག་འདི་དག་དུས་ནི་ངེས་མེད་བཞད་འདུག་གམ།།
ཕ་ཡུལ་འདི་ནི་ཚ་གྲང་གཉིས་ཀྱི་གཞི་ཡིན་པས།།
འབྱུང་བ་བཙན་པོ་གང་གིས་ཁྲིད་ནས་ཕྱིར་ལོག་གམ།།
ཤེལ་ཁང་ནང་གི་གཏོར་མའི་མཛེས་པ་ཤོར་པའི་ཚེ།།
མཆོད་པ་མེད་པའི་ལྷ་སྐུ་དག་ནི་གང་དུ་བཤམས།།
ལོ་རྒྱུས་ནང་གི་ཨ་མ་རྒམ་མོའི་གཡུ་ཕྲེང་དེ།།
མི་ཆེན་སུ་ཡི་ཁྱིམ་གྱི་ཆུང་མའི་སྐེས་རྒྱན་ཡིན།།
བརྩེ་བ་མེད་པའི་ཐ་སྙད་སྐམ་པོའི་མི་ཚོགས་ཁྲོད།།
རུས་པ་རུལ་བའི་དྲི་མ་སྐྱུར་མོ་ཕྱོགས་བཞིར་ཁྱབ།།
ས་རོ་ཁུར་བའི་རླུང་གི་ལྡིང་ཁང་དམར་པོ་རུ།།
སྒོ་ཁྱི་མེད་པའི་ལས་ཀྱི་སྦྲ་ནག་སྟོང་པར་ལུས།།
རྡོ་བའི་སེམས་པ་གས་པའི་ཨག་སྐད་མེད་ན་ཡང་།།
མིག་ཆུ་ནག་པོ་བཞུར་བའི་གཏམ་རྒྱུད་གང་གིས་ཤོད།།
ཁ་བ་ས་ལ་བབས་པའི་དུས་ཚུགས་འདི་ཡི་ནང་།།
མེ་ཏོག་ནག་པོ་མི་བཞད་མཁས་ལེན་གང་གིས་ཐུབ།།
ཁྲུང་ཁྲུང་དཀར་མོ་མཚོ་དང་ཁ་ཐག་རུང་དུས་སུ།།
ང་དང་ཆུང་འདྲིས་བར་གྱི་གསང་བ་སུ་ལ་བརྗོད།།
ཆང་རག་ཧུབ་ཀྱིས་བཏུང་བའི་བདག་སེམས་ཁྲོ་བོ་འདི།།
ཉིན་ཞིག་ཆང་གིས་མི་བསླུ་ཡིད་ཆེས་སུ་ལ་བྱེད།།
༢༠༡༡ལོའི་ཟླ༩པའིཚེས༡༠ཉིན་དབུས་ལྷ་ལྡ་གྲོང་དུ་བྲིས་པའོ།།
རྩོམ་ཁུངས། ངེད་དྲ་བ།