པོ་ཏ་ལར་སྐྱོད་པ།
ཁ་རོག་སྡོད་པའི་སྒེའུ་ཁུང་ནང་དུ་དྲན་པའི་མདའ་མོ་ལྷོད་ཀྱིས་འཛུལ།།
ཆུང་མར་སྒོམ་པའི་བརྩེ་བའི་གཏམ་བརྗོད་སྙིང་གི་བར་ནས་དགུང་ལ་ལྡིང་།།
ལྷོག་ལྷོག་འཕྱོ་བའི་དུ་བ་དཀར་པོས་མཐོན་པོའི་དབྱིངས་ནས་བྲོ་གར་འཁྲབ།།
ཁོ་མོས་ཤོར་བའི་སྤྲིན་གྱི་མཆི་མ་ས་འཛིན་བྲང་ན་སྡུག་གིས་བཞུར།།
འགྲོ་བར་མི་འདོད་བཙན་གྱིས་གོམ་ཁ་མདུན་གྱི་རི་བོའི་སྙིང་ལ་སྤོས།།
རླུང་གིས་ཕྱགས་པའི་རྡོ་རིང་ཡི་གེ་རྐང་རྗེས་བར་ན་གཉིད་ཀྱིས་མྱོས།།
བཙན་པོས་བཞག་པའི་མདའ་དང་མདུང་གི་རྩེ་མོར་ཆོས་ཀྱི་བདེ་བ་ཞུགས།།
རི་བོ་སྦྲེལ་བའི་ལྕགས་ཐག་ནག་པོས་ས་རོའི་བར་ནས་ཨག་སྐད་རྒྱག།
སྙན་ངག་པ་དེའི་རྨི་ལམ་ནག་པོའི་ན་བུན་སྐྱུར་མོ་ཤུགས་ཀྱིས་འཕག།
རྔུལ་ཆུ་བཞུར་བའི་རྡོ་ལམ་རིང་མོ་དྲན་པའི་ཡུལ་དུ་བཙན་གྱིས་མཆོང་།།
སྟོང་བཙན་རྒྱུད་པས་བཞག་པའི་དམག་རྟའི་ཀུ་སྒྲ་རྣ་བའི་གཞོང་དུ་ལྷུང་།
བཙན་པོ་མགོ་གཉིས་མགོ་གཅིག་ཡིན་པའི་ལྡེབས་རིས་གསལ་བོ་མིག་ལ་མངོན།།
སྐུད་པར་བརྒྱུས་པའི་ཕྲེང་རྡོག་མང་པོ་སྲིད་པའི་ཁམས་ན་ཁྭ་ཏས་ཟ།།
མཚོ་ལ་འཆར་བའི་ཕོ་བྲང་དཀར་དམར་རི་བོའི་རྩེ་ན་གྲང་སྟེ་འདར།།
ལོ་མར་བྲིས་པའི་དམ་བཅའ་སྣ་ཚོགས་འདམ་ལ་ལྷུང་སྟེ་ཨ་མ་འབོད།།
རུམ་དུ་བླུགས་པའི་ལོ་དང་ཟླ་བས་མི་བཟོད་ངག་ནས་གདུང་འབོད་བྱེད།།
སྐྲ་ལོ་འཐོར་བའི་མ་སྐྱེས་ཨ་མས་བུ་ཆུང་འབོད་པའི་ངུ་སྐད་སྒྲོགས།།
ཆུ་ལ་འདྲེས་པའི་ལོ་རྒྱུས་ཐག་སྣེ་མདུན་གྱི་རྡོ་རིང་ཆགས་ཏེ་ལྟ།།
ཐང་སྟོང་རྒྱལ་བོས་ཚ་གདུག་ཀློང་ན་ལོ་ངོ་སྟོང་གི་ཟམ་ཆེན་བཟོ།།
དུག་དྲི་བྲོ་བའི་སྨན་ཡིག་སྣ་ཚོགས་སྐྱི་སེར་རླུང་གིས་ཕྱོགས་བཞིར་སྤུར།།
གཉིད་དུ་ཤོར་བའི་པོ་ཏ་ལ་ཡིས་ནད་རྙིང་འགོ་བའི་མི་ཚོགས་སྒོམ།།
མཆོད་གོང་སྲུང་བའི་བཙུན་པ་དག་གིས་ལྷ་སྐུའི་མདོང་གི་རྔུལ་ཆུ་ཕྱི།།
གཏན་གྲོགས་མེད་པའི་ཡུ་མོ་ཁེར་མགྲོས་ཆུང་གྲོགས་དྲན་པའི་སྙན་ངག་འབྲི།།
ཕྱི་ཐག་རིང་བའི་ཚངས་དབྱངས་རྒྱ་མཚོས་ངུར་སྨྲིག་བཞག་ཏེ་རི་ལ་ཕེབས།།
བླ་མ་མཐོང་བའི་བཙོན་ཁང་ནང་ན་ཨ་མདོའི་དགེ་ཆོས་ཆང་གིས་བཟི།།
ཕྱི་ནང་མཐོང་བའི་ལུང་ཤར་གསར་བུས་མིག་འབྲས་དགོས་ཞེས་ཨག་སྐད་རྒྱག།
ས་རྡོ་ཁུར་བའི་སྐྱ་སེར་ཕོ་མོས་ལོ་རྒྱུས་རིང་པོའི་བུ་ལོན་འདེད།།
སྙན་ངག་པ་ཡིས་མ་བཟོད་སྙིང་གི་སྙན་ངག་ཐར་ཐོར་འདི་ནས་ཤོར།།
༢༠༡༡ལོའི་ཟླ༢པའི་ཚེས༥ཉིན་ལྷ་ས་རུ་བྲིས།
རྩོམ་ཁུངས། ངེད་དྲ་བ།