ཨ་མའི་སེམས།
ཀ་ར་ཞིམ་མངར་ཟས་སྣ་མ་ལོས་དྲངས།།
ཁ་སྣའི་མི་གཙང་དྲི་མ་མ་ལོས་བཀྲུས།།
ག་ལེར་འགྲོ་འདུག་གོམས་པ་སྤོས་པ་ན།།
ང་ཡི་བུ་འདི་ཟེར་ནས་གླེང་མཁན་མ།།
ཅ་ནེ་ཁེམ་བུ་འཛིན་སྟངས་མ་ལོས་བསླབས།།
ཆ་ལུགས་ཡ་རབས་དགོས་སྲོལ་མ་ལོས་གདམས།།
ཇ་ཐུན་རེ་ཡང་བུ་ཡི་བདེ་སྡུག་ཆེད།།
ཉ་སུག་འདར་བཞིན་རྒྱུག་མཁན་དྲིན་ཆེན་མ།།
ཏ་ཐཱ་ག་ཏར་དད་དགོས་མ་ལོས་གསུངས།།
ཐ་ཤལ་བྱ་བ་སྤང་དགོས་མ་ལོས་སྐུལ།།
ད་རུང་སྤྱོད་ངན་རེ་གཉིས་བསྒྲུབས་ན་ཡང་།།
ན་ཆུང་བསམ་མེད་ཟེར་ནས་གླེང་མཁན་མ།།
པ་པ་རྫིས་མ་བྱམས་ལྡན་མ་ལོས་བྱིན།།
ཕ་རོལ་ལམ་ཐག་རིང་ཞེས་མ་ལོས་བསྟན།།
བ་ལང་བཞིན་དུ་གོ་བ་མེད་ན་ཡང་།།
མ་རབས་མི་རུ་མི་སེམས་བརྩེ་ཆེན་མ།།
ཞྭ་བཞིན་ཁྲིམས་ལུགས་བཀུར་དགོས་མ་ལོས་གསུངས།།
ཟྭ་བཞིན་མི་རིགས་སྲུང་དགོས་མ་ལོས་སྐུལ།།
འ་ཅག་དར་སྤེལ་ལས་ལ་གཞོལ་དགོས་ཞེས།།
ཡ་ཆུང་གངས་དཀར་སེམས་ནས་བརྗོད་མཁན་མ།།
ར་ལུག་རྗེས་ལ་མ་སྙེགས་མ་ལོས་གསུངས།།
ལ་ལུང་ཉུག་ནས་མ་འགྲོ་མ་ལོས་གདམས།།
ས་ཕྱོགས་གཞན་ལ་ཅུང་ཙམ་ཕྱིན་ན་ཡང་།།
ཤ་མཆེད་བུ་ཆུང་གླེང་མཁན་ཁྲེལ་ལྡན་མ།།
ཧ་ཅང་ཐག་རིང་ཡུལ་ལ་ཕྱིན་པ་ན།།
ཨ་མ་སེམས་ནས་བརྗེད་པ་བུ་ཡི་སྤྱོད།།
ཧ་ཧ་གད་མོ་ཤོར་བའི་ཀ་ཕྲེང་འདི།།
ཨ་མདོའི་བུ་ངན་ཞིག་ལ་ཆེད་དུ་བྲིས།།
རྩོམ་ཁུངས། ངེད་དྲ་བ།