དུག་ཆེན་ཐ་མག་མ་འཐེན་ན་ཆུང་ཚོ།
ལེགས་པར་གསོན་དང་ན་ཆུང་སློབ་ཕྲུག་ཚོ། །ཤེས་རིག་དགའ་ཚལ་འགྲིམས་པའི་ལོ་ཆུང་ཚོ། །
ལང་ཚོའི་མེ་ཏོག་རྒྱས་པའི་གཞོན་གཞོན་ཚོ། །རྣ་བ་མ་གཡེང་ལན་གཅིག་བདག་ལ་གསོན། །
དེ་རིང་ཁ་སང་ང་ཚོའི་སློབ་མའི་ཁྲོད། །ཐ་མག་འཐེན་མཁན་གཅིག་མཇུག་གཉིས་མཐུད་རེད། །
དེ་ལྟར་དུག་ལ་དགའ་ཞེན་ཆེ་དྲགས་ན། །ལང་ཚོའི་མེ་ཏོག་དུག་གིས་བཅོམ་ཉེན་འདུག །
རྐང་གཅིག་འཐེན་པ་རྩེད་མོ་ཡིན་ལས་ཆེ། །རྩེད་མོ་རྩེད་རྩེད་འཐེན་འཐེན་མང་དྲགས་ན། །
ལང་ཤོར་ཐ་མ་རང་སེམས་རང་གཅུན་དཀའ། །དེ་བས་ད་ནས་འཐེན་མཚམས་བཞག་པ་དགའ། །
དེ་རིང་ཐ་མག་རྐང་གཅིག་འཐེན་པ་ལས། །སང་ཉིན་ཚེ་སྲོག་ཤོར་བ་མི་སྲིད་ཀྱང་། །
དུག་ཆེན་ཐ་མག་ལོ་མང་འཐེན་པ་འདི། །རང་སྲོག་རང་བཅད་ཡིན་པ་ཨེ་ཤེས་ལགས། །
ཕ་མ་གཉིས་པོའི་ཁྲག་དང་རྔུལ་ནག་གིས། །བསགས་པའི་དངུལ་ལོར་དུག་ལ་བརྗེ་བ་འདི། །
ཕ་མ་བསད་ཅིང་རང་ཉིད་ལྕེབས་དང་མཚུངས། །དེ་འདྲ་བྱེད་པར་བཟོད་དམ་སློབ་ཕྲུག་ཚོ། །
རྒྱུ་ནོར་མེད་ན་རྒྱུ་ནོར་བསགས་པས་ཆོག །ཤེས་བྱས་དབུལ་ན་ཤེས་བྱ་སྦྱངས་པས་ཆོག །
གསེར་ལས་ལྷག་པའི་རིན་བྲལ་ལུས་པོ་འདི། །ནད་དང་དུག་གིས་ཟིན་ན་འགྱོད་པ་ཆེ། །
སྒོར་རྡོག་རེ་གཉིས་ལག་ན་ཡོད་པའི་དུས། །ཞིམ་པོ་བཟའ་ཆོག་མངར་མོ་འཐུང་བས་ཆོག །
སློབ་སྦྱོང་ཡོ་བྱད་བྱུང་ན་ཅི་བས་ལེགས། །དུག་ཆེན་ཐ་མག་ཉོས་ན་ཐ་མའི་ཐ། །
དུག་ཤེད་ཆེ་བ་དུག་གི་ངོ་བོ་རེད། །ལང་ཤོར་སླ་བ་མི་ཡི་རང་གཤིས་རེད། །
ལྟས་ངན་དེ་གཉིས་གྲོགས་འདྲིས་བྱུང་ཙ་ན། །དགེ་བའི་ལས་མེད་ངན་སྐྱོན་ཤ་སྟག་འབྱུང་། །
འཐེན་འཐེན་མང་ན་ཐ་རྐྱལ་ཆགས་ཡོང་ངོ་། །ཐ་རྐྱལ་ཆགས་ནས་ཐ་མག་གཅོད་རྒྱུ་འདི། །
རི་གཟར་རྦབ་རྡོ་གྱེན་དུ་འདྲེན་དང་མཚུངས། །འཐེན་མཚམས་གཅོད་ཅིག་བདག་གི་སློབ་ཕྲུག་ཚོ། །
རྐང་གཅིག་རྐང་གཉིས་ཐོག་མར་འཐེན་དུས་སུ། །མགོ་བོ་ན་དང་སྐྱུག་མེར་ལང་བ་སོགས། །
ལུས་ལ་མི་བདེ་སྣ་ཚོགས་འབྱུང་བ་དག །དུག་གིས་ལུས་ལ་གནོད་པའི་རྟགས་མཚན་རེད། །
གོམས་པ་སྡུག་གོམས་ཤོར་བ་ལང་ཤོར་ཞེས། །འཇིག་རྟེན་གཏམ་དཔེར་ཡོད་པ་ཨེ་ཤེས་ལགས། །
དུག་ལ་སློབ་སྦྱོང་མ་བྱེད་སློབ་བུའི་ཚོགས། །ད་ནས་འཐེན་མཚམས་གཅོད་ཅིག་སྙིང་གཏམ་ཡིན། །
ལག་ཏུ་དཔེ་དེབ་འཛིན་པ་གཟི་བརྗིད་དང་། །ཁ་ན་ཐ་མག་བཙོག་པ་ངོ་ཚ་རེད། །
ཁོག་ཏུ་ཡོན་ཏན་མི་ཡི་རྒྱན་ཆ་དང་། །ཐ་ཆང་དད་མོས་ཆེ་བ་ཐ་མའི་ཐ། །
བྱ་ལུཊ་བྱེད་ལུཊ་འགྲོ་ལུཊ་སྡོད་ལུཊ་ཀྱི། །བཟང་ངན་གོམས་གཤིས་གང་ཡང་རུང་བ་དག །
ལུས་དང་གྲིབ་གཟུགས་བྲལ་མེད་ཇི་བཞིན་དུ། །ཚེ་གཅིག་རང་གིས་འཁྱེར་དགོས་ཐུགས་ལ་ཞོག །
ལུས་ལ་ན་ཚ་ཚེ་ལ་བར་ཆད་དང་། །རིག་པ་སྒྲིབ་དང་དཔལ་འབྱོར་གྱོང་གུན་སོགས། །
ཐ་མ་ཁ་ཡི་ཉེས་སྐྱོན་བགྲང་ཚོད་མེད། །ཕ་བཟང་བུ་ཚོས་སེམས་ལ་འདི་ལྟར་ཉོར། །
རྩོམ་ཁུངས། ངེད་དྲ་བ།