མི་ལོ་བཞིར་འདྲིས་ལོབས་སུ་གྱུར་བའི་དགེ་རྒན་ཞིག་ལ།
ཁྱེད་ནི་ས་ཡི་སྒལ་ཐག་གཅོད་པའི་གྱད་མི་དེ་འདྲ་མ་ཡིན་ཡང་།།
ཁྱེད་ནི་ཆུ་བོའི་བམ་ཁ་འགོག་པའི་སྟོབས་ལྡན་ཞིག་ཀྱང་མིན་ནའང་།།
ཁྱེད་ནི་མེ་ཡི་ལྕེ་དམར་གསོད་པའི་དཔའ་བོ་གང་ཞིག་མ་ཡིན་ལ།།
ཁྱེད་ནི་རླུང་གི་འཚུབ་མར་རྒོལ་བའི་དྲག་པོ་ཞིག་ཀྱང་ཁྱོན་ནས་མིན།།
མཐོན་པོའི་མི་ལ་ངོ་དགའི་མི་དམུལ་ཁྱེད་ཀྱི་སྒལ་བ་ལྕགས་སུ་སྦྲུམ།།
དམའ་མོའི་སེམས་ལ་མཆིལ་ཞགས་མི་འཕེན་ཁྱེད་ཀྱི་རང་གཤིས་གསེར་དུ་མཐོང་།།
བདེན་པའི་དོན་དུ་རང་ཚུགས་མི་ཤོར་ཁྱེད་ཀྱི་རུས་པ་རྡོ་རུ་འཁྲུལ།།
བརྩེ་བའི་མེ་ཏོག་རྡུལ་གྱིས་ཟིན་མེད་ཁྱེད་ཀྱི་གཏན་ཚིགས་རླབས་སུ་འཕྱུར།།
ཁྱེད་ཀྱི་སྐུལ་འདེད་སྦྲང་ཆར་བསིལ་མས་བུ་ང་སྐྱེ་བའི་གླགས་ཤིག་བསྩལ།།
ཁྱེད་ཀྱི་བློ་སྤོབས་རྒྱ་སྟག་ངར་མས་བུ་ང་མཆོངས་བའི་གནས་ཤིག་བསྐྲུན།།
ཁྱེད་ཀྱི་ཐུགས་རྒྱུད་འོ་མ་དཀར་པོས་བུ་ང་འགྲོ་བའི་ལམ་ཞིག་བཟོས།།
ཁྱེད་ཀྱི་བརྩེ་བ་རིན་ཆེན་རིལ་བུས་བུ་ང་གསོན་པའི་ཐབས་ཤིག་གནང་།།
འགའ་རེས་ལག་གི་ཕོར་བ་བསམ་སྟེ་བཅོས་མའི་གདོང་འབག་གྱོན་བཞིན་འདུག
རྡོག་རེས་མཐོན་པོ་ཁྲི་ལ་བལྟས་ཏེ་སྒྱུ་མའི་འཕྲུལ་རྩལ་སྦྱོང་བཞིན་འདུག
ཆ་རེས་སྙན་མོ་མིང་ལ་འཇུས་ཏེ་ཁྲ་ཁྲའི་ཟློས་གར་སྟོན་ནའང་།།
ཁྱེད་རང་དེ་ལས་ལྡོག་ཅིང་དེ་ལ་རྒོལ་བའི་དུས་ཀྱི་སྙུ་གུ་རྣོན་པོ་ཞིག
སྙན་མོའི་རྩོམ་ལ་དུང་བ་འབར་བའི་ཁྱེད་ཀྱི་ལུགས་དེ་ང་ཡི་མིག
ཚིག་གི་གློག་ལ་མྱུར་ཤུགས་རྒོད་པའི་ཁྱེད་ཀྱི་བློ་དེ་ང་ཡི་ཏོག
རིགས་ཀྱི་མི་ལ་ཞེན་པ་དཀར་བའི་ཁྱེད་ཀྱི་གཤིས་དེ་ང་ཡི་ཁྲག
རྩམ་པའི་དྲི་ལ་དགའ་ཁ་ཁྱེར་བའི་ཁྱེད་ཀྱི་རུས་དེ་ང་ཡི་རྐང་།།
ཁད་ཀྱིས་འདས་བའི་མི་ལོ་བཞི་བོ་ཆོས་ཉིད་རླུང་གིས་ཁུར་ཡང་རུང་།།
དུས་ཀྱིས་ཁྲིད་པའི་གྱེས་གདུང་དམར་པོ་མི་རྟག་ཆུ་ཡིས་བསྣུབས་ཀྱང་ཆོག
ཡིད་ལ་བྲིས་བའི་འོད་ཀྱི་ཡིག་ཆུང་སུ་དང་གང་གིས་འཕྲོག་ནུས་མིན།།
སེམས་སུ་སྦས་བའི་ཕྱིར་དྲན་ཞིམ་པོ་ལྷ་དང་འདྲེ་ཡིད་བཅོམས་ཐབས་མེད།།
མཆོག་གྱུར་དགེ་བའི་བཤེས་གཉེན་རིན་པོ་མི་ཚེ་གཅིག་གི་འོད་སྣང་རེད།།
གསུམ་གཉིས་སྙིང་གི་ཤ་སྐྱིབས་ངོས་སུ་དྲོད་ཀྱི་མེ་ཏོག་གཏོར་མཁས་པོ།།
ང་ཡི་སེམས་ཀྱི་སྤོབས་པའི་རྒྱབ་རི་ཡིད་ཆེས་རླུང་གི་སྤུ་གྲི་ཅན།།
དུས་དང་ལོ་ཟླ་ག་ནས་འགོར་ཡང་ཁྱེད་ཀྱི་བཀའ་དྲིན་བརྗེད་དུ་མེད།།
རྩོམ་ཁུངས། ངེད་དྲ་བ།