ཐོལ་བྱུང་ངག་གི་གླིང་བུ།
ཡོད་ཚད་འདི་སྣང་རང་གིས་ཐག་བཅད་གཞན་གྱིས་གཅོད་པར་མ་ནུས་པའི། །
ཐ་ན་གང་སྣང་བདེན་པར་མེད་པ་ངེས་པའི་བློ་ཞིག་འོང་དཀའ་བས། །
ཡོད་ཡོད་གྲུབ་པ་ཞེན་པ་མ་ལོག་ཆོས་ལྡན་ཁ་བའི་ལྗོངས་འདིར་ནས། །
འཇིག་རྟེན་འཁོར་བ་སྙིང་བོ་མེད་པ་རྒྱལ་བའི་གསུང་གི་བརྡ་ལས་ཤེས། །
གཙོ་བོར་དགོས་པ་སེམས་བཟང་ཡིན་པས་འ་ཅག་རྣམས་ཀྱི་ངེས་པར་དུ། །
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སོགས་རང་རྒྱུད་ཕྱོགས་ལ་དལ་བར་སློབ། །
གཟུགས་དང་ཡག་གི་གནས་སྐབས་ཙམ་ལ་རང་ཉིད་དགའ་བའི་ཉམས་སྟེར་ཡང་། །
ཕྱི་མའི་འཕྲེང་ལ་གཟུགས་ཡག་དག་གི་མི་ཕན་སེམས་འདི་གལ་ཆེ་ཡིན། །
གང་དུ་གནས་ཀྱང་འཁོར་བ་སྡུག་གི་རྒྱ་མཚོ་ལྟ་བུར་གཏིང་ཟབ་པས། །
དེ་ལས་གྲོལ་འདོད་སེམས་ཤིག་དགོས་ན་རྒྱལ་བའི་གཞུང་ལ་འབད་འབད་ཀྱེ། །
སྐྱེ་བ་སྔ་ཕྱི་མེད་པ་མ་ཡིན་ལས་འབྲས་འདི་དག་བརྩི་ནའང་། །
རྒྱུ་འབྲས་ལ་སོགས་བསླུ་བ་མེད་པ་རྣམ་འདྲེན་བཞི་བའི་ཁྱད་ཆོས་ཡིན། །
ཧ་ལས་དགོས་པའི་སྙིང་སྟོབས་ལ་སོགས་ཆེན་པོ་བོད་ན་འབྱུང་ཡོད་མོད། །
ཧ་མཚར་བོད་འདི་ཕྲག་དོག་དྲི་མས་སྦག་པའི་རྐྱེན་གྱིས་མཁས་དབང་རྣམས། །
ཁྲུང་ཁྲུང་ལྷོ་ལ་བསྟར་བ་བཞིན་དུ་གཅིག་ནས་གཅིག་ཏུ་ཕྱི་མ་ལ། །
བཙན་གྱིས་བཅུག་ཏེ་རང་གི་ནོར་བུ་མེད་པར་བཟོས་པའི་ཨ་འཐས་དག །
ཨ་མདོའི་ཕྱོགས་ན་བོད་འདིས་ཞབས་སུ་མུ་སྟེགས་ཟ་ཧོར་རིགས་རྒྱུད་ཡིན། །
རྒྱ་གར་ཕྱོགས་ཀྱི་མི་རྣམས་དག་གི་ཞབས་སུ་རང་ཅག་བོད་པ་ཡིན། །
འདི་དག་ལ་སོགས་འབྲེལ་ནས་བལྟས་ན་འཇིག་རྟེན་འཁོར་བ་ངས་མི་ཤེས། །
བར་སྐབས་ཤིག་ལ་དགེ་ཆོས་ཁོང་གི་སྙན་རྩོམ་འགའ་རེ་ཡིད་ནས་སྐྱོར། །
ཡོད་ཚད་ལྷ་ཡིས་བསྐྲུན་པ་མིན་པས་ཕྱི་མའི་འཚོ་བ་རང་གིས་བཙལ། །
བདེན་སྣང་ཤེས་པ་དོན་གྱིས་མེད་པས་གཞུང་ལུགས་ཀུན་ལ་དཔེ་ཀློག་དགོས། །
རང་སེམས་སྐྱོ་བ་གསོ་བའི་སྨན་མཆོག་དམ་པས་བཞག་པའི་ལྷ་ཆོས་སྟེ། །
ཐ་ན་བྱ་བ་བཙན་གྱིས་མ་བསྒྲུབ་སྐབས་རེ་བསྟེན་ཤེས་བྱས་ན་ལེགས། །
གང་གི་སྐྱོན་མཐོང་སྲིད་པ་ཡིན་པས་རང་ཉིད་སྐྱོན་གྱི་ཕུང་བོ་ཡིན། །
ལན་ཆགས་ཕུང་བོ་རང་ལ་ལྡན་པའི་རྒྱུ་ཡི་འབྲས་བུའི་གྲུབ་པ་ཡིན། །
ཐོག་མར་ཤེས་པ་སྡུག་བདེན་ཡིན་པས་ཐ་མར་ངེས་པ་ཀུན་འབྱུང་རྒྱུ། །
སྔོན་ལ་བསྟན་པ་རྒྱུ་འབྲས་མིན་པས་རྒྱུད་ལ་སྐྱེ་བའི་གོ་རིམ་ཡིན། །
ད་ལྟའི་དུས་རབས་འདི་ལ་མཁོ་བ་རང་ཉིད་རང་གི་མགོན་ཡིན་པས། །
གཞན་གྱི་ཟེར་སྒྲོས་རྗེས་སུ་མ་འབྲང་རང་ཚུགས་བརྟན་པོའི་བཟུང་བར་བྱ། །
བྱ་བ་གང་ལས་གོ་རིམ་ཡོད་པས་རང་གི་ལག་གི་བྱ་བ་དེ། །
ཆ་ཚང་ལམ་ནས་ལེགས་པར་འོང་བའི་རྒྱུ་འབྲས་དྲང་བོའི་བསླུ་མི་བྱ ། །
གང་ནས་ཡོང་བ་འདི་ནས་ཅི་བྱ་ད་ལྟ་གང་དུ་འགྲོ་བ་སོགས། །
ཚིག་གསུམ་ལོ་རྒྱུས་ཞིབ་ཏུ་བཀླགས་ནས་རང་གི་མགོ་བོ་བསྒྲེང་དགོས་ཏེ། །
མ་བསླབ་པ་ལ་མཁས་པ་མེད་པའི་བསླབ་ན་མི་ཤེས་ཀུན་མེད་པས། །
ས་སྟེང་འདི་ནས་སྐྱེ་བའི་དོན་ཞིག་ཨེ་འོང་བསམ་ནས་འབད་པར་བརྩོན། །
རྩོམ་ཁུངས། ངེད་དྲ་བ།