སྣང་བ་སྐྱིད་པའི་འབྲོག་པ་ཚེ་རིང་།
ཤོ་ཕུ་སྟག་ལ་འཇིག་རྟེན་དབུ་རྨོག་བཞིན། །
མཐོ་ཡང་མཐོ་ལ་དེ་བས་རྔམས་བརྗིད་ལྡན། །
དྭངས་ཡང་དྭངས་ལ་ཆུ་མོ་སྦྲུལ་གཟུགས་བཞིན། །
གསལ་ཡང་གསལ་ལ་འབྲོག་གུར་ཤ་མོ་བཞིན། །
ཤ་མོ་འདྲ་བའི་འབྲོག་གུར་དཀར་པོ་ནས། །
འབྲོག་པའི་ཕོ་གསར་ཚེ་རིང་ཟེར་བ་ཁོང༌། །
ལུས་ལ་འབྲོག་ཆས་ནག་པོ་རབ་གོན་ཏེ། །
ད་ལྟ་གཡག་གི་རྭ་མདར་འགྲོ་ལ་བྲེལ། །
ཁོ་ཡི་འུར་རྡོ་མཆི་མིག་དགུ་སྒྲིལ་དེས། །
མི་ལོ་ཉི་ཤུ་ཙམ་ཞིག་འགྲོགས་ནས་བྱུང༌། །
འཕར་སྤྱང་མང་པོ་ཕ་མཐར་བསྐྲད་ནས་ཡོད། །
ནོར་གཡག་མང་པོར་བདེ་བ་སྟེར་ནས་ཡོད། །
དེ་ལྟར་འུར་རྡོ་སྐེད་པར་གཟེར་ནས་ཐོན། །
དེ་ནི་དེ་རིང་ཙམ་མིན་རྒྱུན་གཏན་ལས། །
ནོར་གཡག་ཁོང་གི་སྙིང་གི་ཚི་ལུ་རེད། །
ཕ་རྒན་འདས་པོའི་ཤུལ་འཛིན་ཁོ་རང་ཉིད། །
དེ་རིང་ནམ་ཟླ་སྔར་བཞིན་བསིལ་ཡང་བསིལ། །
ཤོ་ཕུ་སྟག་ལ་སྔར་བཞིན་དབེན་འཇགས་སེ། །
སྐབས་རེར་རྒྱང་རིང་སྣུམ་ནག་གཞུང་ལམ་ནས། །
རླངས་འཁོར་རེ་རེའི་དུང་སྒྲས་ནོར་ཡང་འདྲོགས། །
ཁོ་ཡི་ནོར་གཡག་བརྒྱ་ཕྲག་དེ་ཚོ་ནི། །
སྤང་ཐང་སྟེང་གི་མེ་ཏོག་སྣ་བརྒྱ་བཞིན། །
འགུལ་མེད་གནས་ན་མེ་ཏོག་ཉིད་དུ་འཁྲུལ། །
གསལ་བར་བལྟས་པས་ས་མཐོའི་གྲུ་གཟིངས་ཉིད། །
ཚེ་རིང་གདོང་ནས་མཛུམ་མདངས་རབ་འཕྱུང་ཞིང༌། །
འབྲོག་ཁྱིམ་མར་དང་ཕྱུར་བས་བཀང་བ་དྲན། །
འབྲི་རྒན་སྒྲོན་མའི་བཀའ་དྲིན་མ་ལུས་དྲན། །
གཡག་རྒན་གྭ་པའི་ལུས་ཀྱི་མཛེས་པ་མཐོང༌། །
སེམས་འགུལ་ལྡབ་བརྒྱས་སྐུལ་ཏེ་ཚེ་རིང་ཁོང་
འབྲོག་པའི་ལ་གླུ་རིང་མོ་དབང་མེད་ཤོར། །
ཨ་ལ་ཨ་ལ་ཤོ་ཕུ་སྟག་ལ་མཆོད། །
མཆོད་དོ་མཆོད་དོ་འབྲོག་ཁྱིམ་བདེ་ལ་འཁོད། །
ལ་གླུ་རིང་མོས་གཡག་རྣམས་ཀེར་ལངས་ཀྱིས། །
བདག་པོ་དེ་རིང་སྐྱ་མདའ་ཤར་འདྲ་སྙམ། །
ཉི་མ་ཤར་ནས་ཤར་བ་ཚོར་འདུག་སྙམ། །
ང་ཚོའི་རིན་ཐང་གླེང་རིན་ཆོག་འདུག་སྙམ། །
དེ་སྔོན་ཤོ་ཕུ་སྟག་ལའི་ཇག་པ་ཞེས། །
གཉལ་གཞུང་ཁྱོན་ལ་ལྡིར་ལྡིར་གྲགས་ན་ཡང༌། །
ཁ་ས་དེ་རིང་སྟག་ལའི་འབྲོག་པ་ཚོས། །
ཇག་པའི་ཞྭ་ནག་རྦད་དེ་ཕུད་ནས་འདུག །
༢༠༡༡ལོའི་ཟླ་༡༠ཚེས་༡༩ རྩོམ་འདི་འབྲི་དུས་ཆུ་ཚོད་༡༡:༥༠བྲིས་ཟིན་དུས་ཆུ་ཚོད་༡༢:༡༠
རྩོམ་ཁུངས། ངེད་དྲ་བ།