མི་ཚེའི་སྲང་དུ་རྒྱུ་དུས།
སྲང་ལམ་འདི་ནི་རིང་ཞིང་དོག།
མི་རྒྱུ་ཆུ་ཚོད་ཉེར་བཞི་ལ།།
འབྱམས་པའི་རྡུལ་ནི་རྒྱང་རིང་ངོ་།།
ཉི་ནུབ་ཞིང་ཁའི་སྙེ་མ་ཡིས།།
རྩམ་སྐྱ་ཁ་ཤས་མིག་ལ་འཚངས།།
འཁོར་བ་ཆང་གི་སྦྲིད་བག་གོ།
ཤོག་སྒོར་དམར་བོ་མེ་ལ་མཆེད།།
མིག་རྫི་བག་ཙམ་འདར་བ་ལ།།
སྙིང་ལ་རྐྱལ་བའི་ཉ་མོ་བད།།
མི་སྐྱ་ཁ་ཤས་རང་ལ་འཐིམས།།
རི་དྭགས་འགའ་ནི་རི་ལ་འཐིམས།།
ཁ་ཏྭ་ཁྱུ་ཞིག་རྨི་ལམ་དུ།།
མུན་པའི་གུར་ལ་གཤོག་ལྕག་རྡེབ།།
འུག་པ་ལོང་བས་མུན་པ་མཐོང་།།
རྐང་གཉིས་ལོང་བས་མ་མཐོང་ངོ་།།
འོད་དེ་དཀར་ཞིང་སྨག་ནག་པས།།
བུས་པ་དག་ལ་མིག་འཚེར་རོ།།
སྡོང་མགོའི་ལོ་མ་བྱེའུ་འོ།།
སྡོང་མགོའི་ལོ་མ་ཁ་བ་འོ།།
སྡོང་མགོའི་ལོ་མ་གྲིབ་ནག་གོ།
སྡོང་མགོའི་ལོ་མ་མི་ཚེ་འོ།།
མི་ཚེ་དགའ་སྐྱོའི་བསིལ་གྲིབ་ཀྱིས།།
མུན་པ་སྐྲ་ལོ་འཁོར་བ་བཅས།།
དུག་རྫས་འབའ་ཡིས་བདུག་བྱས་པས།།
འཆི་བའི་དུས་ན་འོད་འབར་རོ།།
མདོར་ན་མ་རིག་རྒྱུ་སྐུད་ལ།།
འདོད་པའི་ཨ་ལོང་གྲངས་སུ་བརྒྱུས།།
སྐུད་པ་རིང་ངམ་ཕྲེང་རྡོག་མང་།།
བརྩི་འམ་མི་ཚེ་རླུང་ལ་བཅོལ།།
༢༠༡༤ ༡༢ ༢༦
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།