མེ་ལོང་དཀར་པོ།
རི་བོ་ཞིག་གི་ཕ་རོལ་ཕ་རོལ་ན།།
ཆུ་བོ་ཞིག་གི་ཚུར་རོལ་ཚུར་རོལ་ན།།
དེ་གཉིས་སྦྲེལ་བའི་མེ་ལོང་དཀར་པོ་ན།།
ཁྱོད་ཀྱང་འཁྱུག་ཙམ་འཁྱུག་ཙམ་ལྡེམ་ནས་ཡོང་།།
ང་ཡང་འཛུམ་ཙམ་འཛུམ་ཙམ་ལྷོད་ནས་ཡོང་།།
ངེད་གཉིས་འཛོམས་པའི་དུས་ཤིག་བཏབ་ནས་ཡོང་།།
རི་བོ་དེ་ཡིས་མགོ་བོ་བཏུད་པ་འདྲ།།
ཆུ་བོ་དེ་ཡིས་མགྲིན་པ་བསང་པ་འདྲ།།
རླུང་གིས་ལྡེམ་ལ་རླུང་གིས་བསྐྱོད་པ་དེ།།
ཁྱོད་ཀྱི་ཚོར་བའི་འདབ་མ་སེར་བོའམ།།
ང་ཡི་འགྱུར་བའི་ལྕུག་ཕྲན་ལྗང་ཁུ་དེ།།
ངེད་གཉིས་འཛུམ་པའི་སྟངས་སྟབས་ཡ་ལ་ལ།།
འཇིག་རྟེན་མཛེས་པའི་ཆོས་དེ་ག་འདྲ་ཡིན།།
མི་ཡུལ་སྐྱིད་པའི་ལུགས་དེ་ཅི་འདྲ་ཡིན།།
མེ་ལོང་ངོས་ན་འཛུམ་པའི་ཐིགས་པ་དེ།།
ཐིགས་པའི་སྒྲོམ་ན་ལྡེམ་པའི་འཇོ་སྒེག་དེ།།
ལན་རེར་དལ་ཞིང་དལ་བུའི་གར་ལ་འགྲོ།།
ལན་རེར་མཉེན་ཅིང་མཉེན་པའི་བྲོ་ལ་རྩེ།།
དྭངས་པ་དྭངས་པའི་གདངས་དེ་སྐྱོམ་པ་ལ།།
སྙན་པ་སྙན་པའི་གཞས་དེ་ཡོམ་པ་ལ།།
མེ་ལོང་དེ་ཡི་ཡུ་བ་ལྡེམ་པ་ལ།།
མེ་ཏོག་དེ་ཡི་གེ་སར་འདར་བ་ལ།།
བརླན་དང་གཤེར་གྱིས་སྦངས་པའི་ན་སྤང་ལ།།
ངེད་གཉིས་འཁྲིལ་བའི་གཞུང་རྟ་ཁུར་བ་ལ།།
མེ་ལོང་དེ་ཡང་བྲང་ལ་འཇུག་པར་བྱ།།
མེ་ཏོག་དེ་ཡང་དེ་ལ་འདེབས་པར་བྱ།།
མཛེས་པའི་གནས་རྒུ་དེ་ལ་འདུ་བར་བྱ།།
དགེ་བའི་ལས་རྒུ་དེ་ལ་ཚང་བར་བྱ།།
དེ་ལ་ལག་པ་ཆ་ཡིས་དམ་བཅའ་བྱ།།
ངེད་གཉིས་སྙིང་བོ་གཅིག་ཏུ་བསྒོམ་པར་བྱ།།
༢༠༡༤--༡༢--༢༧
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།