ལང་ཚོའི་གྲིབ་མ།
སྣང་བ་རི་ལ་བཞུར་བའི་སྤྲིན་དཀར་གྱི་ཚོམ་བུ།།
ལུག་ཁྱུ་སྤང་ལ་གཏོར་འདྲའི་ཚོན་མདངས་ཤིག་མེད་ན།།
མ་རྟོགས་སེམས་ཀྱི་ནག་ཐིག་བྲང་གཞུང་དུ་འཛག་པའི།།
སྙིང་ཆུང་ལུ་གུ་ལྡང་བའི་ངལ་བ་རང་མི་འདུག །
མིག་གི་ཡོལ་རས་ནག་པོ་ཡར་ཡར་དུ་བཀྱག་ཚེ།།
སེམས་ཀྱི་དེ་ཉིད་སངས་པའི་གཞས་ཆུང་དུ་གྱུར་ཏེ།།
ན་བུན་རླུང་གིས་ལྡེམ་པའི་དགུང་སྔོན་གྱི་ཆར་བ།།
བྱེའུ་ཐུ་འབའ་འབུ་ཚོགས་ཀྱི་གཤོག་ཟུང་ལ་ཁུར་ཤོག།
སྟོང་བའི་ཁམས་སུ་འོད་ཟེར་སྔོན་པོ་ཞིག་འཐེན་ཏེ།།
རྨི་ལམ་བསྟུད་མར་རྨིས་པའི་མཚེའུ་ཆུང་གི་འགྲམ་ན།།
མི་ཚེ་གྲུ་ལ་བསྐྱོན་ནས་ཕར་ཕར་ལ་བཞུད་དུས།།
གཟུགས་རིས་ཆུ་ལ་འདར་བ་མཚར་དོན་ཅང་མི་འདུག།
སོལ་བ་གདོང་ལ་བྱུགས་པའི་ཀེང་རུས་ཀྱི་ཁྱུ་ཚོགས།།
ཤིང་གི་དགྲ་རྟ་འཕྱར་བའི་གཤེད་མ་དེར་སྤྲུལ་ཏེ།།
མི་ཚེ་ཁྲམ་ལ་བཏབ་པའིཟིན་ཐོ་ཞིག་སྒྲིག་གིན།།
སོ་སྒྲ་ཚག་ཚག་བཅའ་བའི་ལས་དོན་དེ་བརྩམ་ཡོང་།།
མཚན་མོར་མུན་པ་འཇགས་པའི་སྒེའུ་ཡོལ་གྱི་ཕག་ནས།།
སྙིང་ཆུང་གས་མར་བཏང་བའི་ཀི་སྒྲ་དེ་སང་སིང་།།
གཤིན་རྗེས་སྙིང་རྩ་འདར་བའི་ཤོག་ངོས་ཀྱི་ཡིག་འབྲུ།།
ཚོན་སྣས་འཇའ་འོད་བརྐྱང་བའི་དགུང་སྔོན་དུ་སྤུར་འགྲོ།།
ལང་ཚོ་གྲིབ་མར་དང་བའི་དྲན་པ་དེ་ཡར་ཡོར།།
སྒེའུ་ཁུང་རླུང་གིས་གཅོག་པའི་འཇིགས་པ་ཞིག་མེད་ན།།
སེམས་ཀྱི་ལྡེབས་སུ་བཀལ་པའི་གླིང་བུ་དེ་འབུད་ནས།།
རླུང་གི་རྔམས་ཀར་འཁྱིལ་བའི་སྒྲོན་མེ་ཞིག་སྦར་འདོད།།
རྫ་རྒྱབ་སྨུག་པ་འཁྱིལ་བའི་སྤྲིན་དཀར་གྱི་འདབ་མ།།
དགུང་སྔོན་གནམ་ལ་འཕུར་བའི་ན་བུན་གྱི་རླངས་པ།།
སྐད་ཅིག་ཙམ་གྱིས་སྣང་བ་མཚོ་མོ་རུ་འཕུར་དུས།།
སེམས་ཀྱི་དབྱངས་རྟ་ཡར་ཡར་དགུང་སྔོན་ལ་བཀྱག་འགྲོ།།
2014.5.23
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།