མེ་ཏོག་ཅིག་ལ།
ཧ་ལོ་མེ་ཏོག་འཐུ་འཕྲོས།།
ཉི་མ་སྒུག་ཙམ་སྒུག་ཙམ།།
ཁ་བ་མེད་པའི་རྐྱེན་གྱིས།།
དུས་དེར་ཁྱེད་རང་ངུས་བྱུང་།།
སྐྱི་ལྤགས་རྒྱུས་མེད་ཅིག་ལ།།
ལྐོག་གྱུར་ཚོན་མདངས་བྱུག་པར།།
ནམ་མཁས་རྒས་ཉམས་ལྟད་དོ།།
སྤྲིན་པའི་ཀློང་གི་མགྲོན་པོ།།
མཚོ་ལ་འཐིམས་ཤིང་འཚང་ངོ་།།
མེ་ལོང་ལྟ་བུར་བཞག་པས།།
ཟུར་མིག་མ་བཟོད་སྒུལ་བྱུང་།།
མགྲིན་པ་མི་བདེ་ཡིན་ནམ།།
སེམས་ལ་གྲང་འཁྱག་བབས་སོང་།།
རི་སྡེ་ཞིག་གི་དཔུང་ལགས།།
གཅེར་བུའི་ཕུང་བོའི་རྒྱབ་ན།།
བདག་པོ་མེད་པའི་ཆུང་མས།།
གོས་ཀྱི་རྒྱན་ཏེ་གཡུགས་སོང་།།
དཀར་བོའི་རྩ་ཐིག་སྐྲོད་དེ།།
ང་རང་འཁྲུལ་དུ་བཅུག་གོ།
བེར་ཆེན་རླུང་བས་ཁུར་ཤུལ།།
གབ་སྦས་བྱེད་དོན་ཅི་ཡིན།།
མི་ཚེའི་ཕུགས་ཀྱི་རྗེས་ཤིག།
ད་དུང་ཅི་ཞིག་བསྒུག་རྒྱུ།།
ཤར་ཕྱོགས་འཁྱམ་པོའི་མྱི་ལ།།
ཁྲ་ཁྲའི་གདུགས་ཤིག་མ་ཕུབ།།
མཛེས་མའི་ནུ་ཁེབས་ངོས་སུ།།
སྙན་ངག་རྩིད་པ་བདེ་ཚོད།།
དབུགས་ཀྱི་གཏོང་མཚམས་བཞག་གོ།
2014. 10 . 21 ཉིན།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།