གྱེས་མེད། ད་དུང་གམ་ན་ཡོད།(ཞར་བཀོད་གཅིག་ཡོད)
འཚིག་དྲི་འཐུལ་བའི་གྲོང་ཁྱེར་ཞིག་ནས།།
རང་ཤ་འཐག་པའི་མི་ཚོགས་ཤིག་ནས།།
ཁང་བརྩེགས་མང་སའི་མཁར་གྲོང་ཞིག་ནས།།
ཁྱོད་རང་བཀྱེད་ནས་སོང་བ་བདེན་ཡང་།།
ང་དང་གྱེས་ནས་སོང་བ་མི་བདེན།།
དུད་སྨུག་འཕྱུར་བའི་གྲུ་ག་ཞིག་ནས།།
འུར་སྒྲ་མཐོ་བའི་གནས་ཁུད་ཅིག་ནས།།
བརླ་རྐང་བོར་བའི་མི་གྲལ་ཞིག་ནས།།
ཁྱོད་རང་ལམ་ལ་ཆས་པ་བདེན་ཡང་།།
ང་དང་གྱེས་ནས་སོང་བ་མི་བདེན།།
རང་སྐྲ་གསེད་པའི་དུད་ཚང་ཞིག་ནས།།
ཨོང་ཤ་ལྡག་པའི་མྱི་ཚུགས་བར་ནས།།
འཛུམ་མདངས་བཙོང་བའི་ཚོང་ཁྲོམ་ཞིག་ནས།།
ཁྱོད་རང་ཁ་ཐག་ཕྱིས་པ་བདེན་ཡང་།།
ང་དང་གྱེས་ནས་སོང་བ་མི་བདེན།།
མེ་ཏོག་ལུད་པོ་མང་ས་ཞིག་ནས།།
རང་མགོ་ལྷམ་ལ་བཅུག་པའི་འཁྲིས་ནས།།
པགས་ནད་བྱུང་བའི་འགྱིག་ལྷམ་བསྐྱུར་ནས།།
ཁྱོད་རང་ཡུལ་གཞན་མྱུལ་བ་བདེན་ཡང་།།
ང་དང་གྱེས་ནས་སོང་བ་མི་བདེན།།
ལྐོག་གསོད་ཐེབས་པའི་བརྩེ་ར་ཞིག་ནས།།
ན་ཟུག་དམར་བོའི་ཁྲབ་གཞུང་བསྐྱུར་ནས།།
དཔྱངས་ཐག་སྲ་མོའི་ཁུག་མགོ་བསྲེགས་ནས།།
ཁྱོད་རང་ལམ་ལ་ཆས་པ་བདེན་ཡང་།།
ང་དང་གྱེས་ནས་སོང་བ་མི་བདེན།།
2014/7/3
བུ་མོ་ཁྱོད་མ་གཉིད།
བརྩེ་བ་དོར་ནི་མིན་ན།།
ཕྱི་ཐག་ལྷོད་པ་མིན་ན།།
མིག་ཆུ་འཐུང་ནི་མིན་ན།།
ཤ་དྲོད་བོར་བ་མིན་ན།།
བུ་མོ་ཁྱོད་ད་རུང་མ་གཉིད།།
ཞེ་འདང་གཡུག་པ་མིན་ན།།
དམ་བཅའ་བསྲེགས་ནི་མིན་ན།།
སུན་སྣང་འཕྱུར་ནི་མིན་ན།།
ཡིད་ཐང་ཆད་ནི་མིན་ན།།
བུ་མོ་ཁྱོད་ད་རུང་མ་གཉིད།།
ཁྲོས་པ་ལང་ནི་མིན་ན།།
བཀྱེད་ནས་འགྲོ་རྩིས་མིན་ན།།
ཁ་ཁོག་གནག་ནི་མིན་ན།།
སྙིང་གཏམ་འཚིགས་ནི་མིན་ན།།
བུ་མོ་ཁྱོད་ད་རུང་མ་གཉིད།།
ཁྲེལ་གཞུང་མེད་པ་མིན་ན།།
ཨ་གསར་ཡོད་ནི་མིན་ན།།
མྱི་ཁར་སྐྲག་ནི་མིན་ན།།
ལན་ཆགས་ལྕི་ནི་མིན་ན།།
བུ་མོ་ཁྱོད་ད་རུང་མ་གཉིད།།
ཕ་མ་བཙན་ནི་མིན་ན།།
རང་བློ་འགྱུར་ནི་མིན་ན།།
པང་འདོད་མེད་ནི་མིན་ན།།
མགོ་བོ་གཟེར་ནི་མིན་ན།།
བུ་མོ་ཁྱོད་ད་རུང་མ་གཉིད།།
2014/8/15
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།