འཆི་བ།
སྒང་གི་དར་ལྕོག་རླུང་གིས་ཟད་པའི་གཟུགས།།
ཉག་གི་ལབ་ཙེ་ཆར་གྱིས་བངས་བའི་དབྱིབས།།
གསར་བའི་ཆོས་ལ་རྙིང་བའི་མདོག་མངོན་པ།།
འཆི་བའི་གནས་ཚུལ་གསལ་བའི་རང་བཞིན་ཡིན།།
སྡོང་བོའི་ལོ་མ་ཙད་ཀྱིས་སྐམ་པའི་ཉམས།།
མེ་ཏོག་འདབ་མ་ཙག་གིས་ཕྱིད་པའི་མདོག།
གསོན་པོའི་ལུས་ལ་གཉིད་པའི་མདངས་ཤར་བ།།
འཆི་བའི་རྣམ་པ་བྱུང་བའི་མཚོན་རྟགས་ཡིན།།
གློག་གི་ཞགས་པ་ཨེན་ཙམ་འཁྱུགས་པའི་ཡུན།།
འཇའ་ཡི་རང་མདངས་ཡུད་ཙམ་གསལ་བའི་དུས།།
མི་རྟག་དངོས་པོའི་འགྱུར་བ་སྣ་ཚོགས་པ།།
འཆི་བའི་སྣང་ཚུལ་མཐོང་བའི་གོ་རིམ་ཡིན།།
ལ་ཁའི་ན་བུན་སྤྲིན་དུ་གྱུར་བའི་ཚུལ།།
སྤང་ཐང་ཆུ་མོ་བྲག་གསེབ་ཉུལ་བའི་ཤུལ།།
སྟོང་བའི་ངོ་བོ་མིག་གིས་ཟིན་གྱུར་བ།།
འཆི་བའི་མངོན་སུམ་འཆར་བའི་བདེན་དཔང་ཡིན།།
མཚོ་ཡི་རླངས་པ་མཁའ་རུ་འཕུར་བའི་རྗེས།།
རི་ཡི་མེ་དཔུང་དྲག་ཏུ་འབར་བའི་འཕྲོ།།
ལྐོག་གྱུར་ལས་ཀྱི་གཏིང་མཐའ་མི་ལོན་པ།།
འཆི་བའི་་ཆོས་ཉིད་ཟབ་པའི་གསང་བ་ཡིན།།
ཅང་ཤེས་རྟ་ཕོ་བརྒྱུག་སའི་སྐྱ་མོའི་ལམ།།
སྒོམ་ཆེན་ཐུབ་པ་བཞུགས་སའི་དབེན་པའི་གནས།།
རིག་བྱེད་གཏམ་གྱི་ངོ་བོ་ཉིད་གྱུར་བ།།
འཆི་བའི་བདེན་པ་སྒྲུབ་པའི་ཚད་མ་ཡིན།།
ཚོར་བའི་འདུ་ཤེས་རིམ་གྱིས་ཉམས་པའི་སྐབས།།
དབུགས་ཀྱི་རྒྱུ་བ་དལ་གྱིས་འགག་པའི་མཚམས།།
གཤིན་པོའི་རྣམ་ཤེས་ལུས་དང་བྲལ་གྱུར་བ།།
འཆི་བའི་ལག་ཟུང་བརྐྱངས་བའི་རྗེས་ཤུལ་ཡིན།།
དུས་ཀྱི་དར་རྒུད་ཞིབ་ཏུ་བཀོད་པའི་གཞུང་།།
མི་ཡི་རྣམ་ཐར་ཕྲེང་བར་བསྟར་བའི་པོད།།
འདས་བའི་ལོ་རྒྱུས་ལག་ཏུ་སོན་གྱུར་བ།།
འཆི་བའི་བྱུང་རིམ་བསྐྱེད་པའི་མངའ་ཐང་ཡིན།།
ཁ་རྗེ་དབང་ཐང་དར་བའི་རྒྱལ་པོའི་ཁབ།།
རིན་ཆེན་ནོར་གྱིས་ཕྱུག་པའི་བཙུན་མོའི་གྲོང་།།
རྒྱུ་དང་ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་བ།།
འཆི་བའི་གསར་བརྗེ་རྒྱུད་པའི་འཕོ་འགྱུར་ཡིན།།
༢༠༡༤/༣/༢༧་་ཉིན་མདོ་སྨད་ཙོང་ཆུའི་འགྲམ་ནས་སྦྱར་བ་དགེའོ།།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།