སྟོན་མགོའི་རྨི་ལམ།
རི་སྒང་དག་གི་གྲིབ་སོ་རླུང་བུའི་སོར་མོས་སྒུལ་བཞིན།།
རྨི་ལམ་དམར་པོའི་གཞུང་དུ་འོད་ཟེར་ཁྲག་ཁྲིག་རྒྱས་པས།།
ལྡེབས་ངོས་རི་མོ་རྣམས་ཀྱིས་མཁུར་མགོའི་བྱེ་ལེབ་འཛིན་གྱིན།།
ཁྱེད་ཀྱི་རི་ལུང་ཐང་གསུམ་སྙུག་རྩལ་གཅིག་གིས་བྲིས་སོ།
སྲོད་ཀྱི་ཁ་བ་དཀར་པོས་སྒྱུ་མའི་བྲོ་གར་འཁྲབས་ཏེ།།
ལ་དང་ལུང་པའི་ལྟེབ་རིམ་གོམ་པའི་ཁུད་དུ་བལྟབས་ཀྱང་།།
བྱིའུ་ཆུང་ཡར་འཕུར་མར་འཕུར་སྣང་བ་གཡང་ལ་བརྡབས་པས།།
མི་རྟག་བརྡ་ཡི་དྲིལ་ལྕེས་འོ་སྐོལ་རྣ་བར་ཉུག་གོ།
སྣང་བའི་ཕྱི་ནང་ཀུན་ཏུ་རྟ་ཕོའི་འཚེར་སྐད་ལྷང་ལྷང་།།
ཚོར་བའི་ཉིན་དང་སྲིབ་ཏུ་ལུས་ཀྱི་ལྕུག་ཕྲན་མྱུག་མྱུག།
གཙང་བོས་རླབས་ཀྱིས་བྲིས་པའི་སྙན་ངག་ཁ་མཚར་བ་དག།
ང་ཡི་མགྲིན་པའི་སྦུབས་ཀྱི་དབྱིངས་རིག་ཁྲི་ལ་འཁོད་དོ།།
ཞེན་འཛིན་གླིང་བུའི་རྒྱུད་སྐུད་འཇམ་མཉེན་ཕྱག་གིས་དཀྲོལ་ཏེ།།
རྣམ་རྟོག་ཁ་ཆར་འདྲེས་མ་འཆར་ཡན་རི་ལ་བསུས་ཀྱང་།།
སྣང་ཞེན་སྒྱུ་མའི་མཁར་རྫོང་སྟོང་བའི་ངང་དུ་ཞོམ་པས།།
རྨི་ལམ་ཟ་ཟའི་ན་བུན་རི་བོའི་ཐོང་གར་ཆད་དོ།།
ལས་ཀྱི་བསིལ་བ་ཁུར་བའི་རྩྭ་དང་རྩྭ་ཕྲན་དག་གིས།།
ཉི་རྡུལ་བྱེ་བའི་ཚོགས་ཀྱི་གཡེར་བག་ཕྲག་པས་སྐྱོར་གྱིན།།
སྣང་བའི་དབྱར་གཞུང་པང་དུ་ཚོར་བའི་མེ་ཏོག་འཐུ་བར།།
སྤྲོ་དགའི་འཇའ་འོད་ཟེར་གསུམ་མཐའ་དང་མཐའ་དུ་རྒྱས་འདུག།
2014 11 8
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།