སྙིང་གཏམ་རྨ་ཐོག་གཙགས་འདེབས།
ཀྭ་ཡེ་སྙིང་སྡུག་གན་གྱི་མཛེས་མ། །
ཁ་ནས་བཤད་པ་སེམས་དང་འདྲ་མ། །
ག་ལེར་འུ་གཉིས་ཚེ་གྲོགས་བརྟན་མ། །
ང་ཡིས་རྟག་པར་ལྷ་ལ་མཆོད་མ། །
ཁྱོད་ཀྱི་ཞལ་རས་ཟླ་བའི་སྤུན་མ། །
ཁྱོད་ཀྱི་བསུང་ངད་ལྷ་སྤོས་སྦྱར་མ། །
ཁྱོད་ཀྱི་ཐུགས་རྒྱུད་དཀར་པོ་འོ་མ། །
མདོར་ན་ཁྱོད་ནི་ལྷ་གཅིག་ལྕམ་མ། །
དང་པོ་ཁྱོད་དང་འུ་གཉིས་འཕྲད་མ། །
བར་དུ་གཅིག་སེམས་གཅིག་གིས་འདྲེན་མ། །
མཐའ་མ་གཅིག་སེམས་གཅིག་ལ་འདྲེས་མ། །
བརྟན་དུ་འཛོམས་པའི་བསྐལ་བ་ལྡན་ན། །
འཁོར་བའི་ལས་ལ་བློ་དང་ལྡན་མ། །
འཁོར་བའི་བདེ་བ་སྡུག་གིས་སྲུང་མ། །
འཁོར་བའི་དོན་དུ་སྤྱན་ཆབ་འདོན་མ། །
འཁོར་བའི་སྙིང་དོན་རྟོགས་མཁས་དགའ་མ། །
ནངས་ཀྱི་སྔ་ལངས་དགུང་གི་ཉི་མ། །
དགོང་གི་བདེ་སྤྱོད་ཉ་འཛིན་གང་མ། །
ལུས་དྲོད་སྦྱིན་པ་དཔལ་མེ་འབར་མ། །
ཞིམ་པའི་འགྲམ་ཆུ་སྦྲང་ཆར་ཟིལ་མ། །
ཁ་སེམས་མཐུན་པ་འོ་ཆུ་སྦྱར་མ།།
ཁ་མིན་ཚིག་གིས་ཡིད་སེམས་འགུག་མ།།
ཁ་ཟས་ཞིམ་པོ་བདེ་མཆོག་ཇ་མ།།
ཁ་ཡ་ན་ཟླའི་རྩོད་པའི་གཞི་མ།།
ལྷན་སྐྱེས་གྲུབ་པའི་མེ་ཏོག་མཛེས་མ།།
སྦྱངས་ནས་གོམས་པའི་གཤིས་བཟང་བྱང་མ།།
སྐད་ངག་སྙན་འཇེབས་རྐང་དྲུག་སྦྲང་མ།།
ན་སོ་ཁོ་ལག་ཡོངས་སུ་སྨིན་མ།།
ཁྱོད་ཀྱི་མིག་ཟུང་སྐར་ཆེན་ཆ་མ། །
ཁྱོད་ཀྱི་སྐྱེ་གཟུགས་ཚིགས་དྲུག་སྨྱུག་མ། །
ཁྱོད་ཀྱི་ལུས་ན་དྲི་ཞིམ་འཐུལ་མ།།
ཁྱོད་ཀྱི་དུང་སོ་ཕྲེང་དུ་བསྟར་མ།།
སྐྱེ་དགུའི་ངག་ནས་ཁྱོད་ཉིད་གླེང་མ།།
ཐམས་ཅད་ཡིད་སེམས་གཅིག་ཏུ་འདྲེན་མ།།
འོན་ཀྱང་ཁྱོད་སེམས་ཁེངས་པ་ཕྲ་མ། །
མདོར་ན་ཁྱོད་ནི་གྱོད་ཀྱི་གཞི་མ། །
རང་རློམ་ཅན་ཁྱོད་རང་གི་མཛེས་མ། །
ཕྲག་དོག་ཅན་ཁྱོད་ཁོག་རྒྱུད་འཛེར་མ། །
སྙིང་ནད་ཅན་ཁྱོད་སེམས་ཀྱི་འཁོན་མ། །
གཡོ་སྒྱུ་ཅན་ཁྱོད་ཀུན་ཀྱི་འཚེ་མ། །
ན་ཚོད་སྨིན་པའི་ལང་ཚོ་གསར་མ། །
རྙིང་དུ་འཛིན་པའི་བུ་མོ་གླེན་མ། །
དུས་རབས་གསར་བའི་རྗེས་སུ་ལུས་མ། །
མཐའ་མ་ཀུན་གྱིས་འཕྱ་བའི་གཞི་མ། །
གཞོན་ནུ་དྲུག་གིས་བེད་དུ་སྤྱོད་མ། །
རང་ལུས་ཤོར་བའི་འཕྲལ་གྱི་བདེ་མ། །
ངོས་ཟིན་མེད་པའི་མངལ་ལ་སྦྲུམ་མ། །
རྒྱུ་འབྲས་མེད་པའི་བྱིས་པའི་ཨ་མ། །
མིང་ལ་ཡི་གེ་ཀློག་པའི་སློབ་མ། །
དོན་གྱིས་རང་ཉིད་བོར་བའི་འཁྱམ་མ། །
རང་ལུས་སྒོར་ལ་བརྗེ་བའི་གཡོན་མ། །
སྒོར་མོའི་བདེ་བ་འཚོལ་བའི་ཆང་མ། །
དྲིན་བྱས་དྲིན་དུ་མི་གོ་འོན་མ། །
རང་གི་མདུན་ལམ་མི་མཐོང་ཞར་མ། །
སྣ་ཁ་ཐལ་སྤོངས་ཅན་གྱི་བག་མ། །
ལས་ལ་ཨ་གསར་ཆེ་བའི་ཁྱིམ་མ། །
རྒན་ལ་གུས་ལུགས་མི་ཤེས་ཤིང་མ། །
ཆུང་ལ་བྱམས་སྐྱོང་མི་ཤེས་གུག་མ། །
ཅི་ཡང་ཡིད་ན་མེད་པའི་གླེན་མ། །
གང་ལ་འགྲོ་རྒྱུ་མེད་པའི་བཙོན་མ། །
ལྟོ་ལ་བཟའ་འཐུང་འདོད་འདོད་དགོས་མ། །
རྒྱབ་ལ་པགས་ཚགས་སྣ་ཚོགས་གྱོན་མ། །
ངོ་ན་ཚ་རྒྱུ་སྤུ་ཙམ་དབེན་མ། །
སྐྲ་ལོ་སེར་པོ་སྤྲེའུའི་རྒྱུད་མ། །
འདོད་ཆགས་ཆེ་བའི་དུག་གི་འདྲེན་མ། །
འདོད་འདོད་གང་ཡོད་སེམས་ཀྱིས་འགུག་མ། །
འདོད་ཆུང་མཆོག་ཤེས་མེད་པའི་མཐའ་མ། །
འདོད་པའི་དགྲ་ཡིས་ཡོངས་སུ་བསད་མ། །
ད་ནི་འདི་ལྟར་མི་སྡོད་ཀྱེ་མ།།
རང་ལུས་མ་བརླག་བཟང་བར་བསྒྱུར་དང་།།
མདུན་ལམ་མ་འགོག་མྱུར་དུ་སད་རན།
རང་སེམས་མ་དཀྲུགས་གཞན་མགོ་མ་གཡོག།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།