གནས་ཆེན་རི་བོ་རྩེ་ལྔའི་མཐོང་ཐོས་ཚིགས་སུ་ བཅད་པ་ལི་ཤིའི་ཕྲེང་བ།༡
རི་བོ་གཏུབ་ཀྱིན་གཏུབ་ཀྱིན།།
ཆུ་བོར་བརྒལ་གྱིན་བརྒལ་གྱིན།།
རི་ཆུ་སྟོང་གི་ཕ་མཐར།།
རིམ་གྱིས་རིམ་གྱིས་སོང་ཡོད།།
ཕྱི་ཚུལ་ས་ཡི་རི་ལུང་།།
གནས་ཚུལ་ལྷ་ཡི་བཀོད་པ།།
དྭངས་བསིལ་རི་བོ་ཞེས་པར།།
བདེ་ལེགས་ངང་གིས་འབྱོར་ཡོད།།
སྨུག་སྤྲིན་ལང་ལོང་ཆད་ཅིང་།།
སྦྲང་ཆར་ཤག་ཤག་འཇོ་བའི།།
ལྷུན་ཆགས་རི་བོ་དེ་ནས།།
རང་བཞིན་སེམས་ལ་བལྟས་ཡོད།།
རིག་འཛིན་ཚང་དབྱངས་རྒྱ་མཚོས།།
རིག་སྟོང་དབྱེར་མེད་ངང་དུ།།
རི་བོར་དབེན་པ་སྟེན་སར།།
སྤྲོ་ཞིང་འཛུམ་ནས་བསྡད་ཡོད།།
འཇམ་དཔལ་ཡེ་ཤེས་སེམས་དཔའ།།
ཡིད་ཀྱི་གུར་དུ་སྒོམ་གྱིན།།
རང་སེམས་བླ་མའི་ཐུགས་དང་།།
མཉམ་པོར་བསྲེས་ནས་བསྡད་ཡོད།།
ཐང་མང་ས་སྐྱོང་མང་བོས།།
དད་པས་གཙུགས་སུ་མཆོད་པའི།།
ཤེས་རབ་ལྷ་ཡི་གནས་སུ།།
སེམས་བག་ལྷོད་དེ་བསྡད་ཡོད།།
ཁོ་བོ་གནས་ས་འགྲོ་ཡུལ།།
དེ་ལྟར་ཉུང་ཙམ་ཞུས་ནས།།
ཡུལ་འདིའི་ཕྱི་ཡི་བཀོད་པ།།
རག་ཙམ་རིག་ཙམ་ཞུ་ན།།
རི་བོ་མཐོ་ཞིང་བརྗིད་ཀི།།
ཆུ་བོ་དྭངས་ཤིང་གཙང་གི།།
རི་འདབས་ལྕང་ལོའི་གསེབ་ན།།
རུ་གྲོང་མཛེས་ཤིང་སྐྱིད་ཀི།།
ཕྱོགས་བཞི་ལྷུན་པོའི་རྩེ་ན།།
ལྷིང་འཇག་ཞི་བའི་གྲོ་རེ།།
ལྷུན་སྡུག་དབུས་ཀྱི་རི་བོའི།།
རྩེ་མོ་དགུང་ལ་ཟུག་འདུག།
རི་རྩེའི་སེར་ཆེན་མེ་ཏོག།
གསེར་ཕྱེ་ཐང་མར་བརྡལ་འདྲ།།
བདེ་འཇམ་ཡངས་བའི་སྤང་ཡང་།།
གཡུ་ཡི་མེ་ལོང་འདྲའོ།།
སྤང་དང་མེ་ཏོག་བར་ན།།
རྟ་ཟོག་སོས་བག་དལ་ཞིང་།།
རི་བྱིས་འཇོལ་མོའི་ཚོགས་ཀྱང་།།
ཀྱུར་ཀྱུར་སྐྱིད་ལ་རོལ་ལོ།།
རི་སྐེད་བྲག་རི་མདའ་མདུང་།།
བར་བར་ཆུ་མིག་ཤར་ཤུར།།
རི་བོའི་རྒྱང་ནས་བལྟས་ན།།
མཚམས་དང་མཚམས་སུ་ཆགས་ཡོད།།
བྲག་དང་ཆུ་མིག་བར་ན།།
གཡང་དཀར་ལུག་དང་ར་མ།།
རང་རང་ཚོགས་སུ་སྐྱིད་པ།།
ཕྱི་ནས་བལྟས་ན་མངོན་གི།
རི་འདབ་ནགས་ཀློང་ཕྱུག་མོ།།
ནགས་ལ་མེ་ཏོག་སྨིན་པ།།
མདོག་དབྱིབ་འདི་དང་ཞེས།།
གྲངས་དང་ངེས་བཟུང་མི་ཆོད།།
ཚང་ཚིང་ནགས་ཀྱི་གསེབ་ན།།
དམ་ཆོས་དཔལ་ལ་རོལ་བའི།།
ལྷུན་ཆགས་ཞི་བའི་གྲོང་དག།
མཐོང་བས་ཡིད་དབང་འཕྲོག་གོ།།
ཡལ་འདབ་གྲིབ་མའི་བསིལ་དུ།།
དགེ་འདུན་དལ་གྱིས་འདུས་ཏེ།།
འོད་མཚན་དབྱངས་སུ་འཐེན་དུས།།
དད་བའི་སྤུ་ལོང་གཡོ་འོང་།།
ཞེས་པ་ནི་ཕྱིའི་རི་ལུང་གི་བཀོད་པའོ།།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།