ལྷ་སྒྲོལ་མ་དང་མྱི་སྒྲོལ་མ། ད་དུང་ངའི་སྒྲོལ་མ།
འདམ་གྱི་འཇིམ་ལ་ཚོན་གྱི་རྩལ་ཞིག་བཏོན།།
པིར་གྱི་སྣེ་ནས་སྤྱན་གྱི་གཟིགས་ཕྱོགས་ཤར།།
མགུལ་གྱི་ཆིངས་བྱེད་དངུལ་གྱི་ཁྲ་ཤན་བཏབ།།
སྐུ་ཡི་བཀོད་པ་སྒྲོམ་གཞིའི་བཅུད་ལ་ལྷུང་།།
སྤྱན་དང་དཔྲལ་མཚམས་སྨིན་མ་གྱེན་ལ་གསེག།
སྙན་དང་ཞལ་ཁ་འཇོང་བོའི་དབྱིབས་ལ་སྤྲད།།
རྒྱས་པའི་ནུ་མའི་འབུར་གཞོམ་ཐུར་དུ་དཔྱངས།།
ཤར་ལྷོ་གང་གི་ལུགས་ཡིན་སུ་ལ་གསལ།།
རྐང་གསུམ་ལན་བུའི་སྐྲ་ལོ་རྒྱན་ལ་ངོམས།།
དམར་སྨུག་མཁུར་མགོ་མཛེས་པའི་གྲལ་ལ་འཇོག།།
བརྡ་ཡི་རྒྱག་སྟངས་མིག་གི་འགུལ་སྟངས་ཉིད།།
སྒྲོལ་མའི་ཚོགས་འདི་ལུགས་ལྡོག་གྲངས་ལ་འགྱུར།།
མིག་གི་གྲུང་ཤར་བཙན་གྱིས་ལམ་ཞིག་ཕྱེས།།
གདོང་གི་མདོག་ལ་ཚོས་ཀྱིས་ཐབས་ཤིག་འཐེན།།
ཕྲ་ལྡེམ་གཟུགས་ལ་ཟ་ཚོད་འཐུང་ཚོད་གཅུན།།
སྐྱེས་པ་དུ་ཡི་རྣམ་ཤེས་ག་ཚོད་སྦྲུམ།།
འཛུམ་གྱི་ངོས་ལ་སུ་ཡི་གསང་བ་སྦེད།།
ནེམ་པོའི་མཆུ་ཡི་ངད་ཁ་གང་ལ་འཁོར།།
ཟླ་བའི་མངལ་སྒོ་པད་མའི་ལྟོ་བར་ཟགས།།
དགུ་ཚིགས་འདི་ལ་བདག་པོ་སུ་ཡིས་རྒྱག།
བགྲང་བྱ་གང་དང་རབ་བྱེད་དུ་རག་བར།།
དབུགས་ཀྱི་འབྱིན་རྔུབ་སྐར་ཆའི་གཞི་གྲངས་དག།
སྐད་དང་ཚིག་གི་མཐུན་འཇུག་བར་ཤོད་པ།།
མ་བོས་ལྷོད་ཀྱིས་བབས་པ་སྒྲོལ་མ་ཉིད།།
2014.12.17
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།