ཆང་འཐུང་གི་གཏམ།
ཀྭ་ཡེ་ཚུར་ལ་གསོན་དང་གྲོགས་པོ་ལགས།།
ཁ་པར་གསར་བ་ཉོས་ནས་མ་ངོམས་རོགས།།
ག་ལེ་ཡག་པོ་སོམས་དང་ཁ་པར་དེ།།
ང་ཡིས་བལྟས་ན་ཚང་མ་འདྲ་འདྲ་རེད།།
ཀ་ཁ་ག་ང་སློབ་པ་ཡོན་གྱི་དོན།།
ཁ་པར་གསར་བ་ཉོ་བ་མིང་གི་དོན།།
གང་ཡིན་འདི་ཡིན་ཟ་བ་ལྟོ་ཡི་དོན།།
ང་ཡིས་བསམ་ན་ཐམས་ཅད་རང་གི་དོན།།
མཐོ་ན་རྒན་པ་ཚང་མས་ཁ་པར་ཉོ།།
དམའ་ན་བྱིས་པ་ཚོས་ཀྱང་ཁ་པར་ཉོ།།
མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།
གཅིག་ལས་གཅིག་མགྱོགས་ཁ་པར་ཉོ་བར་རྒྱུགས།།
ཁ་པར་དོན་དུ་སྒོར་མོ་ཚང་མ་བརླགས།།
ཁ་པར་ཉོས་རྗེས་དྲིན་ཆེན་ཕ་མ་བརྗེད།།
ཁ་བརྡ་ཡོད་ཚད་ཁ་པར་ནང་ནས་བཤད།།
ཁ་སེམས་ཉིས་འགལ་དེང་གི་མི་ཚོའི་སྐྱོན།།
སྙན་པའི་ཚིག་རྣམས་ཁ་པར་ནང་དུ་བརྗོད།།
བསླུ་བའི་གྲོགས་ཀྱང་ཁ་པར་བརྟེན་ནས་འགུག།
རྫུན་དང་ཕྲ་མ་ཁ་པར་ཁོ་ནའི་ལམ།།
བརྒྱུད་པ་འདི་ཚོ་བདེན་པའི་གཏམ་གྱིས་དབེན།།
འབྲས་ལྡན་སྙེ་མ་ཁུར་གྱིས་ལྗིད་པ་ཡིས།།
སྔོ་ལྗང་ལྗོན་ཤིང་རྩེ་མོ་དུད་དེ་གནས།།
མི་རྣམས་ཁ་པར་བརྟེན་པ་མང་དྲག་པས།།
དུད་འགྲོ་ཇི་བཞིན་མགོ་བོ་རྟག་པར་དུད།།
མི་ཉོ་ཟེར་ཞོར་ཡང་བསྐྱར་གསར་བ་ཉོས།།
མི་ཁུགས་ཟེར་ཞོར་ཡང་གཅིག་ཁུགས་ལ་ལྟོས།།
མི་ལྟ་ཟེར་ཡང་ཉིན་མཚན་མེད་པར་ལྟ།།
མི་དང་མི་ཡི་བར་ཐག་རིང་དུ་བཀྱེད།།
ཞོགས་པའི་དུས་ཚོད་ཁ་པར་ཁོ་ནས་ཕྲོགས།།
མཚན་མོའི་གཉིད་ཀྱང་ཁ་པར་གཅིག་པོས་བཅོམས།།
ཉིན་གུང་ཟས་ཀྱང་ཁ་ལ་ཟ་བར་བརྗེད།།
ཉི་མ་རེ་ལ་ཚིག་རེ་ནང་དུ་བསྐུར།།
ཁ་པར་ནང་དུ་གནས་ལུགས་བརྒྱ་ཐམ་པ།།
བསྐུར་བའི་ཚེ་ན་ཐམས་ཅད་མཁྱེན་པ་འདྲ།།
དོན་གྱིས་ཅི་ཞིག་མཁྱེན་ཡོད་མི་ཤེས་མོད།།
སྡུག་གི་འཚོ་བ་རོལ་སྟངས་འདྲ་འདྲ་རེད།།
གྲོགས་དང་འཕྲད་ན་ཁ་པར་ཁོ་ན་གླེང་།།
ཁ་པར་གླེང་དུས་ཀུ་ཤུ་ཁོ་ན་བརྗོད།།
ཀུ་ཤུའི་ནང་གི་རིམ་པ་མཐོ་ཤོས་དེ།།
ཕྱི་ལ་ངོམས་པའི་ནོར་གྱི་རྟགས་སུ་བཀོད།།
ལས་ལ་འཇུག་པའི་བརྩོན་པ་མི་འདོད་ཅིང་།།
ལེ་ལོ་སྤངས་བའི་སེམས་ཤུགས་དེ་བས་མེད།།
སྒོར་མོ་ཐོབ་ཏེ་སྐྱིད་འདོད་ཁོ་ནའི་ཆེད།།
ཁ་པར་བརྒྱུད་ནས་ཚོང་ལམ་ཕྱེ་བ་མང་།།
ཁ་ནས་རྒྱུན་དུ་དཔེ་ཆ་དཔེ་ཆ་ཟེར།།
ལག་ན་རྟག་ཏུ་ཁ་པར་ཁོ་ན་ཐོགས།།
དཔེ་ཆའི་རིན་པ་ཁ་པར་ལ་བརྗེས་ནས།།
ཁ་པར་ནང་དུ་དཔེ་ཆ་སྣ་ཚོགས་ལྟ།།
ཚོགས་ཆེན་ནང་དུ་དཀྱིལ་ཀྲུང་གོར་མོ་བཞུགས།།
ཕྲེང་བའི་རྡོག་པ་ཉུག་ཙམ་ཉུག་ཙམ་འཕེན།།
མ་ཎི་ཡིག་དྲུག་ཤབ་བེ་ཤུབ་བེ་ཟློ།།
དམིགས་པ་རྩེ་གཅིག་ཁ་པར་ཕྱོགས་སུ་གཏད།།
དགའ་སྐྱོའི་ཚོར་བ་ཁ་པར་བརྒྱུད་ནས་གླེང་།།
ཆགས་སྡང་སྣ་ཚོགས་ཁ་པར་ནང་དུ་བྱོ།།
ཁ་ནས་དྲང་གཏམ་བརྗོད་མཁན་མི་འདུག་པས།།
མཛའ་གྲོགས་མེད་པ་ཁྱོད་ཚོར་ཅི་ཁག་ཨང་།།
ག་སར་འཁྱམ་པའི་ཞི་ལི་ལྡོམ་པོ་ངས།།
ཨ་རག་བཅད་ནས་ཡུན་རིང་ཡུན་རིང་འགོར།།
མི་འཐུང་ཟེར་ཞོར་དོ་དགོང་ཧུབ་གང་འཐུང་།།
འཐུང་གིན་འཐུང་གིན་ཚད་ལས་རིང་དུ་འདས།།
བདུད་རྩི་ཆང་འདིས་ངར་ཤུགས་ཆེན་པོ་བསྐྱེད།།
སྐད་ཆ་སྣ་ཚོགས་ངག་སྒོའི་ཕྱི་ལ་དེད།།
ཆང་འཐུང་གཏམ་དང་གཉིད་གུང་གཡག་འདི་དག།
བདེན་པར་འཛིན་པའི་སྐྱེ་བོ་སུ་ཞིག་མཆིས།།
2014/12/22ཉིན་གྱི་མཚན་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།