མགོ་དཀྲིས་ཁུར་སོང་། ང་འགྲོའོ།།
ཀྱེ་མ་ཆུ་ཡི་དཔལ་བེའུ་ཁུགས་པ་དྲུག་མ། །
ཁྱོད་ནི་རྨི་ལམ་ཐུན་པ་དབང་དུ་བསྡུ་བ། །
སྒོ་མོའི་འཕྲེད་དུ་མི་ཆོད་དྲྭ་བ་སྦྲེལ་མ། །
མིག་མདའ་བཀུག་མ་ལྟོངས་ཀྱི་སྐུད་པ་ཆད་མ། །
ངོ་མདོག་དམར་སེར་རི་བོའི་ཕྲག་ལ་ཁེན་པ། །
ལག་པ་སྨུག་ནག་གྲིབ་མའི་ཡོལ་བར་ཕྱིས་མ། །
མཆི་ཡི་འདབ་མར་དར་ལྕོག་ཟད་མས་གཤུད་མ། །
རྒུད་པའི་རི་མོ་དཀར་སེང་ཚོན་གྱིས་སླད་དོ། །
དུད་པའི་ཟླ་བ་སྐྱེངས་པ་རྒྱུ་སྐར་དབུས་ན། །
མཆི་མ་ཕོན་པོར་བརྡོལ་བ་མེ་ལོང་ལྟ་བ། །
དོགས་སྣང་ཅི་ཡང་བྲལ་མ་མེ་ལྕེ་གཙུབ་མ། །
མགྲིན་པ་དོག་མ་དེ་རིང་ལྷག་ཏུ་མངོན་པ། །
ཡོང་མ་ལོག་མ་འགྲོ་མ་འདུར་མ་མགུར་མ། །
བསྐྱོད་པ་ཤེས་པ་རྟོགས་པ་གསལ་བ་རིག་པ། །
འཕུར་མ་ལྡིང་མ་ནུར་མ་གོག་མ་བཞད་མ། །
འཁྲེང་བ་གང་བ་འགྲིབ་པ་འཕེལ་བ་འཕྱུར་བ། །
སྣང་བའི་ཆང་མ་གར་གྱི་རལ་གྲི་འཚེར་བ། །
འཆི་འཕོས་ལོ་མ་ཁམས་ལ་དབྱངས་རིས་གཏོར་མ།།
གོས་ཀྱི་ཐུ་སྣེས་རྩི་ཤིང་རྣ་བ་སྐྱོར་ཏེ།།
སོར་མོ་མེད་དོ་རེག་པའི་ཉེས་པ་བསགས་སོ། །
མཆེ་བ་ག་རེ་གྲིབ་མའི་སྒལ་བར་ཟུག་ཡོད། །
རྒྱལ་མཚན་ཁྱེར་ཤོག་རྟ་ཕོའི་འཕོང་ལ་བསྡམ་འདུག །
དཀར་ཞིག་མཆོད་དང་གནག་མོ་རྡང་ནས་ཤོར་སོང་། །
ངར་སྐད་འབྱིན་ནོ་ཤིན་ཏུ་དབེན་པའི་ནགས་ཚལ། །
༢༠༡༤-༡༠-༢༨
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།