མིང་མེད།
མི་དེ་རི་བོའི་ཕར་ནས་ཡོང་སྟེ་འདི་ནས་རྒྱ་མཚོའི་ཕར་ལ་སོང་།།
བྱ་ཞིག་གཤོག་པ་རླུང་ལ་བརྡར་བཞིན་གངས་དང་བྱེ་ཐང་རེས་མོས་བརྒལ།།
རླུང་རྟ་གཅིག་ཅིག་ས་རུ་བབས་ནས་ཁ་བ་མཐུག་པོའི་གསེབ་ཏུ་འཛུལ།།
མཐོ་ནས་མཐོ་རུ་ཡུན་གྱིས་འཕགས་པའི་ང་ཡི་སྙིང་ནི་སྤྲིན་དང་ཐོགས།།
སྒོ་དང་ལྕགས་དང་རི་མོ་སྣ་ཚོགས་སྐད་ཅིག་སྐད་ཅིག་སྤེལ་མར་བསྣོལ།།
མི་དང་ལྷ་དང་སྒོ་ཁྱི་སོགས་ཀྱང་མཚམས་རེར་ངོ་བོ་དབྱེར་མེད་འདྲེས།།
དེ་ལྟར་འཁྲུག་རྩོད་ས་རྩོད་ག་ཚོད་སྣང་བའི་བར་སྣང་ཁེབས་པ་ན།།
ང་ནི་སྲིད་པའི་དགྲ་བོ་ཇི་བཞིན་རྒྱང་ལ་འབྲོ་འདོད་ཁུང་བུར་གཞའ་འདོད།།
དཀར་ནག་ཁྱུ་གཅིག་མདུན་དུ་བཞུར་ཞིང་རྗེས་ན་ཇག་ཚོགས་དལ་གྱིས་རྒྱུ།།
དེ་ནས་གློ་བུར་ཀི་ཀི་སྒྲོག་ཅིང་ང་ཡི་རྨི་ལམ་དུས་གཅིག་འཁྲུགས།།
གུར་ནས་འཕྱུར་བའི་དུ་བ་སྔོ་ནག་ཀ་བ་བཞིན་དུ་གནམ་ལ་བསྲིངས།།
ཡིན་ཡང་མཚམས་ཤིག་ཕོ་བྲང་ཞིག་ཏུ་བུད་མེད་འགའ་ཡིས་གར་འཁྲབ་སོང་།།
ད་ནི་ཅིས་ཀྱང་སྡོད་ཐབས་མི་འདུག་གྱང་ལ་ཁུ་ཚུར་བསྣུན་དགོས་འདྲ།།
ཡང་ན་ཤིང་གི་མི་ཞིག་བཟོས་ཏེ་དེ་ལ་མཆིལ་མ་འདེབས་དགོས་འདུག།
ཧ་ཧ་དེ་ཡང་ཚད་ལས་བརྒལ་འདུག་གང་ལྟར་ཉི་མ་བཞུད་སོང་བས།།
མཛེས་མ་ཞིག་ལ་སེམས་པ་གཟས་ཏེ་སྒྱུ་མའི་ཁམས་ལ་ཞུགས་དགོས་སམ།།
2014/1/8ཉིན་གྱི་དགོང་མོར་ཐོལ་བྱུང་དུ་སྦྱར།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།