འཚོ་བའི་གོ་རིམ།
ལོ་ཟླ་ཆུ་མོ་འབབ་འབབ།།
ལང་ཚོ་མེ་ཏོག་སྐམ་སྐམ།།
སྐྱིད་སྡུག་ཉིན་མཚན་བརྗེ་བརྗེ།།
འཚོ་བ་མདང་གི་རྨི་ལམ།།
ན་གཞོན་ལང་ཚོའི་མེ་ཏོག།
གཞོན་དུས་མཚར་མཚར་འདྲ་ཡང་།།
སྐྲ་རྩེར་ཁ་བ་འབབ་དུས།།
གདོང་གི་མཛེས་སྡུག་ཡལ་འགྲོ།།
ཞྭ་མོ་གནམ་ལ་ཕངས་ནས།།
ལུག་ཁྱུ་རི་ནས་འཕབ་དུས།།
སྲོད་ཀྱི་མཚམས་སྤྲིན་དམར་པོས།།
སེམས་ལ་དྲན་ཤིང་བཞག་འགྲོ།།
ཁྱིམ་མི་ནང་ལ་འཛོམས་ནས།།
སང་ལ་གྲོས་ཁ་བསྡུར་དུས།།
ཐབས་ལ་འཇོན་པའི་ཨ་ཕའི།།
ད་ཆ་གཞོན་ཉམས་ཤོར་འདུག།།
རི་ལ་འགྲོ་བའི་ཉིན་མོར།།
ལུག་ཁྱུར་ཚང་རྩིས་བརྒྱབ་ཡོད།།
ཕྱིར་ལ་ལོག་པའི་ལམ་དུ།།
ཆད་ལྷག་མེད་པ་གནང་ཡོད།།
རི་བོའི་ཕར་རྒྱབ་བསམ་ནས།།
རྟ་ཕོ་སྒ་ཆས་སྤྲས་ཡོད།།
ཐོ་རེངས་སྐར་ཆེན་ཤར་དུས།།
ལ་མོ་བརྒྱབ་ནས་བུད་འགྲོ།།
ཕ་མས་བཞག་པའི་བསླབ་བྱ།།
སྙིང་གི་དྲོད་དུ་ཉར་བས།།
དཔྱོད་ཤེས་དམན་པའི་ཁོ་བོར།།
སྒལ་ཚིགས་དྲང་དྲང་བྱས་སོང་།།
ཞེ་མཐུན་ཆུང་ལ་སྒྲོལ་མ།།
བཙས་བའི་བུ་ཆུང་ཚེ་རིང་།།
ཕ་མའི་བསླབ་པའི་གཏམ་དེ།།
ཁོ་བོར་གདམས་དགོས་ཡོད་འདྲ།།
ཚེ་སྟོད་སྒྲོན་མེ་འབར་འབར།།
ཚེ་སྨད་ཉི་མ་ནུབ་ནུབ།།
འཚོ་བ་ཡང་ཟློས་བསྐྱར་ཟློས།།
ལམ་ཐག་ཧ་ཅང་རིང་བ།།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།