མཚན་མོའི་དགོན་པ།
སེམས་པའི་སྒུལ་ཕྱོཊ་རླུང་གཤོག།
མུན་པའི་གྲིབ་སོའི་ཞག་སྨད།།
དུས་གསུམ་སྣོད་དུ་བབས་ཏེ།།
རྩྭ་ལྡུམ་ལག་པས་གསེད་ཀྱིན།།
རྨི་ལམ་དུམ་བར་གསིལ་པའི།།
ཆོས་བརྒྱད་རོལ་མོའི་འདུར་ཤ།།
ཧམ་སེམས་དམར་པོའི་འཕུར་ལྡིང་།།
འཆད་ལ་ཉེ་བའི་རྐེད་པ།།
རས་དམར་ཡུག་མའི་དུར་ས།།
སྡོམ་ཚིག་མཚོན་པའི་དབུ་ཞྭ།།
ལྗོན་ཤིང་ཁེར་མའི་འོག་ཏུ།།
སྣང་བ་མཐའ་དག་བསྡུས་ཏེ།།
ཐག་རིང་སྤུར་བའི་རླུང་རྟ།།
ནམ་མཁའི་སྒོ་འཕར་ཕྱེས་སོང་།།
བཅོས་མའི་གཏམ་ཡན་མ་ཡིན།།
ཡི་གེའི་འོད་སྐལ་ལོན་བྱུང་།།
གུས་ལུགས་རྙིད་པོའི་སྲོལ་ཁུག།
ཞུམ་ཞུམ་དད་ལ་མཚར་འོང་།།
སྙིང་ག་བཀྲུ་བའི་བརྡ་ལ།།
བློ་མིག་དོག་པོས་འབེན་བཙུགས།།
ཉི་མའི་དར་ཐག་ལྡོག་སྟེ།།
འཁྲབ་ཆས་དབྱིངས་ལ་བརྐོས་སོང་།།
རྨི་ལམ་གཏོང་བའི་སྐབས་འདིར།།
རྨོངས་སྤུ་ནག་པོའི་ལྕགས་རི།།
ལྷག་མའི་ལྷག་མར་བཏགས་ཡོད།།
འུར་ལངས་ཤོམ་ཁ་མཐུག་པས།།
སྨྲས་ཤིང་བདེན་པ་བྲིས་དཀའ།།
རིག་པ་སྔོན་བརྩིས་བརྒྱབ་ན།།
སྐྱབས་ཞུ་འགམ་པ་འཚོས་སོ།།
འཁོར་བར་འཐོར་བའི་ཉིན་ཞག།
རྣམ་ཤེས་ཨག་གིས་བཟི་འོ།།
2015/2/4 ཉིན།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།