ཚོར་བའི་མཚོ་ལ་ལྕེབས་པའི་ལེའུ།
རླུང་གི་འུར།
གྲིབ་མའི་དྲི་མ་ཡིད་ལ་ཞིམ་སོང་།།
སྐྱོ་བའི་ཁ་དོག་ལག་མཐིར་བབས་སོང་།།
དགུན་གྱི་གྲང་ངར་སྐུད་པར་བརྒྱུས་སོང་།།
མཚན་མོའི་ཁ་ངོ་གཡོན་པར་གཅུས་སོང་།།
དེ་ནི་རྣམ་ཤེས་ཕྱེད་པ་རང་ཡིན།།
དེ་ནི་མཆེ་བ་རྣོ་བ་ཙམ་ཡིན།།
དེ་ནི་རི་མོ་སྐྱ་སྐོག་དེ་ཡིན།།
དེ་ནི་འཚོ་བའི་རྟ་སྲབ་དེ་ཡིན།།
ལན་པ་མིག་གི་འཛིན་པ་ལན་ན།།
ཕྱིར་ལྡོག་ལྕགས་ཐག་གཅོད་པ་ཨེ་གླེན།།
དྲན་པ་རི་བོའི་ཕར་ནས་འཁྲིགས་ན།།
སེམས་འདི་ཆུ་བོས་སྨད་ལ་ཁུར་འགྲོ།།
ཀླད་པ་རིག་པས་ཕྱགས་ཕྱགས་གནང་དང་།།
བདེན་པའི་ཤ་འོད་འོག་ནས་བརྒྱུག་ཆོག།།
སྙིང་གི་ལྡེབས་རིས་ཡང་ཡང་བསུབ་དང་།།
ཚོར་བའི་སྤྲིན་པ་སྟེང་ནས་འཁྲིགས་ཆོག།
རྨི་ལམ་ལབ་བེ་ལེབ་བེ་རྨི་དུས།།
ང་ནི་ཚེ་སྲོག་སྔོན་པོ་དེ་ཡིན།།
འོད་ཀྱི་བྱེ་ཐང་རླུང་བུས་ཟ་དུས།།
ང་ནི་བརླན་གྱི་གཅིན་པ་དེ་ཡིན།།
སྐད་ཆ་མུན་པའི་འཚིག་པ་དེ་ལ།།
རེ་བའི་སྐྲ་ལོ་ཡག་པར་སློས་ཀྱང་།།
ནམ་མཁའི་བྲང་གཞུང་རལ་ཅིང་ཐེད་པས།།
ཆར་བ་ནག་པོ་དྲག་ཏུ་བབས་སོང་།།
དབུགས་གཅོད་པ།
བསམ་གཟས་རྨས་པ་ཨེ་ཡིན་ཅིའི་ཕྱིར་རྨ་ཁ་མ་བཟོས།།
ཆག་པའི་བསམ་བློ་འདི་ནི་སུ་ཡི་ཤུབས་སུ་འཛུལ་ལམ།།
ཐང་དཀར་རྒོད་པོ་ཨེ་ཡིན་ཡིན་ན་ནམ་མཁར་འཕུར་ཅིག།
མཚོ་མོ་རབ་ཁ་ཅན་དེས་ན་ནིང་ང་རང་ཁྲེལ་སོང་།།
སྙན་ངག་ཟུར་གསུམ་མ་དེས་ད་ལོ་ང་རང་བསླུས་སོང་།།
རྒྱུ་ཉོག་ཅན་གྱི་སྒྱུ་རྩལ་སྲོག་གི་མདངས་སུ་འདྲེས་ཀྱང་།།
ཤོག་ལྷེ་འགའ་ཡི་གབ་ཚིག་རིག་པའི་གྲི་ཁར་ཤི་ཡང་།།
མཛེས་པའི་བཟི་ཁ་མངར་མོ་སུ་ཡི་གདོང་ན་འཕྱུར་རེད་།།
མཐོ་བའི་རི་ལ་ཞེད་པ་བོང་བུའི་རྣ་ལ་ཞེད་རེད།།
རྦབ་རྡོ་འགོག་པའི་བློ་ལ་ལྕགས་ཀྱི་སྲ་མཁྲེགས་ཡོད་རེད།།
མཚར་བོ་དོན་ལ་དངངས་བ་གཟུགས་ཀྱི་རོ་ལ་དངངས་རེད།།
འུག་པ་བྲག་ཐོག་བབས་ན་བྱ་རྒོད་དབང་མེད་དྲན་ལེ།།
རྡོ་བ་རུས་པར་བཏབ་པ་མི་སྐྱེ་རང་གི་དོགས་ཡིན།།
རྐང་ལ་ཚ་བ་བྱུང་ན་མི་གཟོད་རྔུལ་ཆུ་ཁྲོམ་ཁྲོམ།།
གོས་སུ་གོན་པ་ཆུ་ཡིན་ཆུ་ལ་ཟམ་པ་མེད་རེད།།
ཡིད་ལ་བཀུར་བ་མཚོ་ཡིན་མཚོ་ལ་ཁ་དོག་དབེན་རེད།།
སྐར་མ་ས་ལ་ལྷུང་ན་ཁ་དོག་ཡུན་གྱིས་བློས་ཆོག།
མིག་ལ་མདའ་མོ་ཕོག་ན་བློ་གྲོས་ལྷ་ཡིས་སྐྱབས་ཆོག།
ཚོར་བའི་ངོར་འབྲད་པ།
འབྲད་ན་ཡིད་ཀྱི་ངོ་གདོང་འབྲད།།
ས་སྲོད་ཀྱི་འཁུར་ཚོས་ཀྱང་འབྲད།།
ཐ་ན་གཡོ་བའི་མདངས་ཀྱང་འབྲད།།
དེ་ནི་འབྲད་ཀྱི་མཐའ་མ་ཡིན།།
འདུ་ཤེས་ཀྱི་ཤོག་སྐྱ་དེར་ཕྲིས།།
འཆི་ཡིག་དང་འཕྲིན་པ་ཕྲིས་ཤིག།
ང་ནི་ཆུ་ཡི་རི་མོ་ཡིན།།
རླབས་སྒྲ་གཤོག་པའི་ཤུགས་ཡིན།།
ནམ་མཁའ་ཡུལ་གྱི་ཐང་ཡིན།།
རྒོད་པོ་རླུང་བུ་ཞིག་ཡིན།།
སྐྱ་རེངས་མིག་གི་དཔལ་ཡིན།།
དེ་བས་ཁྲག་གི་སྒྲུང་བཞེངས།།
ཁེར་མར་ངུས་པ།
ཟླ་བ་མཚན་མོར་ཤར་བས་དེར་སྐྱོ།།
འོད་ལ་ཕྱི་ཤན་མེད་པས་ལན་སྙམ།།
ངག་་ནི་སྒྲོག་ལ་ཚུད་པ་ཡིད་སྡུག།
དུས་ལ་ཁ་ངོ་མེད་པ་མིན་བསམ།།
གྱང་ངོར་དྲུད་པའི་གཏམ་རྒྱུད་རིང་མོ།།
རྨ་ཆུའི་ཕར་གིར་འོབས་སུ་བརྫངས་རེད།།
དྭངས་ལ་ཁ་བའི་ཆང་ནི་ཞིམ་རེད།།
བཟི་མ་ཚོར་གྱི་སྣང་བ་ཆུ་རེད།།
མེ་ལ་རང་གི་མཚར་ལོང་ཡོད་པས།།
དེ་ལ་ལྕེ་ཡི་ནག་ཐིག་མི་འགོད།།
རྗེས་དྲན་དར་ལྕེ་རླུང་གིས་སད་པ།།
ལས་དབང་ཉག་ཁར་རྡོ་སྤུངས་ཡོད་པ།།
སྲོད་གྱི་འཆིང་ཐག་མགྲིན་པར་དཔྱངས་ན།།
དེ་ལ་ཨ་ལན་ཡོད་པ་གནང་རེད།།
རང་གི་མུན་པ་སྐར་མར་སྒྲོན་ཚེ།།
སྐྱེ་བ་དགུ་ལ་ཁ་གྲགས་མི་འདོད།།
2015.2.10ནམ་གུང་ཞིག་ལ་ཆང་སྐྱ་དམ་བུ་གང་ཚར་རག་བར་སྦྱར་ཏེ་སྤེལ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།