ལང་ཚོའི་རླབས།༼ ཞར་བཀོད་གཅིག་ཡོད ༽
མིག་ལ་འཐེན་པའི་ཡོལ་བ།།
མཁའ་གོས་སྤྲིན་གྱི་ཕུང་ངམ།།
རྒྱང་ལ་འཕུར་བའི་ངུར་པ།།
མིད་པ་གཤགས་པའི་གཞས་རེད།།
ཐིག་ལེ་བརྒྱ་ཁྲ་ལེབ་མོ།།
ཉི་ཟེར་དམར་པོའི་རོ་མངར།།
ཞེ་ལ་སིམ་པའི་བྱམས་པ།།
ལུ་གུ་རྩེད་པའི་གར་ཡིན།།
རླན་ཤེད་ཕོག་པའི་ལྗོན་པ།།
བལ་འཇམ་ལང་ཚོའི་རླབས་རེད།།
༢༠༡༤/༡༡/༧
འོད་ཀྱི་ཞལ་ངོ་།
གནམ་མཐའི་རྨི་ལམ་གྱི་དར་རྒུད།།
དཔྱིད་ཀའི་མེ་ཏོག་གི་ཞིང་རེད།།
སྙི་མོ་ལོ་མ་ཡི་འབྲུག་སྐད།།
འཁོར་བའི་གྲིབ་མ་ཡི་སྐྲ་ཉག།
རྡོ་ལ་ཆུ་ཐིགས་གིས་བྲིས་པའི།།
ན་བུན་ཟ་ཟི་ཡི་ཞྭ་མོ།།
དབེན་རིའི་རྣམ་འབྱོར་པའི་མགུར་ཆུང་།།
ཤ་ཁྲག་སྙིང་དབུས་ལ་འཐིམ་མོ།།
༢༠༡༤/༥/༢༣
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།