ཞི་བའི་མི་རབས།༼ ཞར་བཀོད་གཉིས་ཡོད ༽

མགོ་ལོག་ཆུ་ཐིགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-12-07


ཐུབ་པའི་རྨི་ལམ་འཐུ་བའི་སྐྱེས་བུ་ཞིག།
སྙུ་གུའི་རྐང་རྗེས་འཚོལ་བཞིན་དར་ལ་བབས།།
སྲིད་པ་སྒྱུ་མའི་ཁམས་ཀྱི་ག་ཤེད་ནས།།
བདེན་པའི་སྨྲ་ལྕེ་སྒྲོག་པའི་ཟླ་བོ་ཡིན།།

དབྱངས་གསལ་རི་ལ་འདེད་པའི་རྫི་གྲོགས་ཡིན།།
ཚོར་བའི་འཇིངས་ལ་ཉུལ་བའི་ཉུལ་རོགས་ཡིན།།
ཞི་བའི་དམག་དཔུང་ཞིག་གི་རང་སྡེ་ཡིན།།
འབྱུང་འགྱུར་གསར་བ་ཞིག་གི་བརྗོད་དོན་ཡིན།།

མེས་པོའི་རེ་བ་ཁུར་བའི་མི་རབས་ཤིག།
མཐར་གྱི་བདེན་པ་བསམ་ནས་ལམ་ལ་ཆས།།
རེ་བའི་རེ་བ་མཐོ་བའི་གསར་སྐྱེས་ཤིག།
གངས་རིའི་སྙུ་གུ་ཐོགས་ཏེ་ནར་ནས་སོན།།

ལང་ཚོའི་མེ་ལྕེ་ཚོར་བའི་ཐང་ནས་བསྒྲོན།།
རང་གི་འབྱུང་འགྱུར་ཞི་བའི་ཐང་ནས་བཙལ།།
ཐུབ་པའི་རེ་བ་ཡིན་པའི་ཐུགས་སྲས་ལ།།
བདག་གི་ཡི་གེའི་མཆོད་ཁ་དེ་རིང་ཕུལ།།
              2015.5.21

            ཉི་ཟླའི་པང་གི་སྐར་ཚོམ།

རིགས་ལ་བཏབ་པའི་འོད་ཀྱི་སྐར་ཚོམ།།
མེས་པོའི་ངག་གི་གསེར་ཡིག་ཡིན་པས།།
ཐར་ཆགས་ཡིན་པའི་དེབ་ཐེར་ཁག་ཏུ།།
རྡོ་རིང་འདྲ་ལ་བཙན་རྫོང་འདྲ་ཨང་།།

ཕོ་བྲང་ནང་གི་སྐུད་པ་ལྗང་གུ།།
འབྱུང་འགྱུར་འཚོལ་བའི་བྱིས་པ་ཡིན་ན།།
འཇའ་ཡིས་བྲིས་པའི་ཁ་ཡིག་དེ་ལ།།
ལུང་བསྟན་རྒྱག་མཁན་ཁྱོད་ཚོ་ཡིན་འགྲོ།།

མགུར་དབྱངས་ཤིག་གི་ཕག་ན་གབ་པའི།།
ཐབས་ཤེས་རྒུམ་པའི་བྱེའུའི་ལྷ་ཚོགས།།
གནམ་གྱི་ཉི་ཟླ་ས་རུ་བླངས་ནས།།
འོད་ཀྱི་མེ་ལོང་ཁྱོད་ལ་སྟེར་ཆོག།

རེ་བའི་སྒམ་ལས་གཏེར་དུ་བཏོན་ཏེ།།
བརྩེ་བའི་འོབས་ལ་མགྲོན་དུ་བོས་ཡོད།།
དེ་རིང་གནམ་སའི་འདྲེས་འཚམས་དེ་ནས།།
ང་ཡི་ངག་སྒོ་ཡོངས་སུ་ཕྱེས་ཡོད།།
          2015.5.31

            ལམ་གྱི་ཆོ་ག

ཆར་བས་རྨི་ལམ་གཏོར་བའི་མཚན་སྨག།
ཡིད་ལ་མེ་ཏོག་བཏབ་པའི་དཔྱིད་ཀ།
བརྩེ་བའི་མཚོ་ཆུང་འཁྱིལ་བའི་སྤང་ལ།།
ལམ་གྱི་ཆོ་ག་བྲིས་པ་ཉུང་མེད།།

ཤག་ཤག་ཆུ་ཕྲན་བཞུར་བའི་གདངས་ལ།།
ཁོ་བོའི་ངག་གི་སྲས་མོ་སིམས་ཡོད།།
བདག་སེམས་དབྱངས་ལ་གྱེར་བའི་ཁོ་མོ།།
ཚངས་མགུར་ནང་གི་བྱམས་པར་འདྲ་ཨང་།།

རྨི་ལམ་དཀྲོལ་བའི་བདག་གི་དབྱངས་རྟ།།
ཆུ་ལ་འདྲེས་པའི་འོ་མ་མིན་ན།།
མཚན་སྨག་འདི་ཡི་དཀྲོལ་ཚིག་ཟབ་མོ།།
མཚོ་ལ་ཉུལ་བའི་གསེར་ཉ་ཡིན་ངེས།།

བདག་གི་སྒྲུང་ལ་ཁ་ཡིག་མེད་པས།།
ཡི་གེའི་ལྷ་དར་གཏེར་ལས་འདོན་ཆོག།
ཁྱོད་ཀྱི་མགུར་ལ་དབྱངས་རྟ་དབེན་ན།།
ངག་གི་ལྷ་ཚོགས་མགྲོན་ལ་བསུ་འམ།།
               2015.6.6

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞི་བའི་མི་རབས།༼ ཞར་བཀོད་གཉིས་ཡོད ༽

2015-12-07 མགོ་ལོག་ཆུ་ཐིགས། ཀློག་གྲངས། མཆན ཡོད།


ཐུབ་པའི་རྨི་ལམ་འཐུ་བའི་སྐྱེས་བུ་ཞིག།
སྙུ་གུའི་རྐང་རྗེས་འཚོལ་བཞིན་དར་ལ་བབས།།
སྲིད་པ་སྒྱུ་མའི་ཁམས་ཀྱི་ག་ཤེད་ནས།།
བདེན་པའི་སྨྲ་ལྕེ་སྒྲོག་པའི་ཟླ་བོ་ཡིན།།

དབྱངས་གསལ་རི་ལ་འདེད་པའི་རྫི་གྲོགས་ཡིན།།
ཚོར་བའི་འཇིངས་ལ་ཉུལ་བའི་ཉུལ་རོགས་ཡིན།།
ཞི་བའི་དམག་དཔུང་ཞིག་གི་རང་སྡེ་ཡིན།།
འབྱུང་འགྱུར་གསར་བ་ཞིག་གི་བརྗོད་དོན་ཡིན།།

མེས་པོའི་རེ་བ་ཁུར་བའི་མི་རབས་ཤིག།
མཐར་གྱི་བདེན་པ་བསམ་ནས་ལམ་ལ་ཆས།།
རེ་བའི་རེ་བ་མཐོ་བའི་གསར་སྐྱེས་ཤིག།
གངས་རིའི་སྙུ་གུ་ཐོགས་ཏེ་ནར་ནས་སོན།།

ལང་ཚོའི་མེ་ལྕེ་ཚོར་བའི་ཐང་ནས་བསྒྲོན།།
རང་གི་འབྱུང་འགྱུར་ཞི་བའི་ཐང་ནས་བཙལ།།
ཐུབ་པའི་རེ་བ་ཡིན་པའི་ཐུགས་སྲས་ལ།།
བདག་གི་ཡི་གེའི་མཆོད་ཁ་དེ་རིང་ཕུལ།།
              2015.5.21

            ཉི་ཟླའི་པང་གི་སྐར་ཚོམ།

རིགས་ལ་བཏབ་པའི་འོད་ཀྱི་སྐར་ཚོམ།།
མེས་པོའི་ངག་གི་གསེར་ཡིག་ཡིན་པས།།
ཐར་ཆགས་ཡིན་པའི་དེབ་ཐེར་ཁག་ཏུ།།
རྡོ་རིང་འདྲ་ལ་བཙན་རྫོང་འདྲ་ཨང་།།

ཕོ་བྲང་ནང་གི་སྐུད་པ་ལྗང་གུ།།
འབྱུང་འགྱུར་འཚོལ་བའི་བྱིས་པ་ཡིན་ན།།
འཇའ་ཡིས་བྲིས་པའི་ཁ་ཡིག་དེ་ལ།།
ལུང་བསྟན་རྒྱག་མཁན་ཁྱོད་ཚོ་ཡིན་འགྲོ།།

མགུར་དབྱངས་ཤིག་གི་ཕག་ན་གབ་པའི།།
ཐབས་ཤེས་རྒུམ་པའི་བྱེའུའི་ལྷ་ཚོགས།།
གནམ་གྱི་ཉི་ཟླ་ས་རུ་བླངས་ནས།།
འོད་ཀྱི་མེ་ལོང་ཁྱོད་ལ་སྟེར་ཆོག།

རེ་བའི་སྒམ་ལས་གཏེར་དུ་བཏོན་ཏེ།།
བརྩེ་བའི་འོབས་ལ་མགྲོན་དུ་བོས་ཡོད།།
དེ་རིང་གནམ་སའི་འདྲེས་འཚམས་དེ་ནས།།
ང་ཡི་ངག་སྒོ་ཡོངས་སུ་ཕྱེས་ཡོད།།
          2015.5.31

            ལམ་གྱི་ཆོ་ག

ཆར་བས་རྨི་ལམ་གཏོར་བའི་མཚན་སྨག།
ཡིད་ལ་མེ་ཏོག་བཏབ་པའི་དཔྱིད་ཀ།
བརྩེ་བའི་མཚོ་ཆུང་འཁྱིལ་བའི་སྤང་ལ།།
ལམ་གྱི་ཆོ་ག་བྲིས་པ་ཉུང་མེད།།

ཤག་ཤག་ཆུ་ཕྲན་བཞུར་བའི་གདངས་ལ།།
ཁོ་བོའི་ངག་གི་སྲས་མོ་སིམས་ཡོད།།
བདག་སེམས་དབྱངས་ལ་གྱེར་བའི་ཁོ་མོ།།
ཚངས་མགུར་ནང་གི་བྱམས་པར་འདྲ་ཨང་།།

རྨི་ལམ་དཀྲོལ་བའི་བདག་གི་དབྱངས་རྟ།།
ཆུ་ལ་འདྲེས་པའི་འོ་མ་མིན་ན།།
མཚན་སྨག་འདི་ཡི་དཀྲོལ་ཚིག་ཟབ་མོ།།
མཚོ་ལ་ཉུལ་བའི་གསེར་ཉ་ཡིན་ངེས།།

བདག་གི་སྒྲུང་ལ་ཁ་ཡིག་མེད་པས།།
ཡི་གེའི་ལྷ་དར་གཏེར་ལས་འདོན་ཆོག།
ཁྱོད་ཀྱི་མགུར་ལ་དབྱངས་རྟ་དབེན་ན།།
ངག་གི་ལྷ་ཚོགས་མགྲོན་ལ་བསུ་འམ།།
               2015.6.6

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།