ལོ་སར་བསུ་ན་འདི་ལྟར་བསུས།
ལོ་སར་འདི་ལ་ཞོགས་པ་རེ་རེ་ཉི་མ་གཅིག་གི་ཆ་ཤས་ཏེ། །
ལོ་སར་འདི་ལ་རྡོ་རྗེ་གདན་དུ་ཤཱཀྱ་ཐུབ་པ་རྗེས་དྲན་ཏེ། །
བླ་ཆེན་དག་གིས་ཕྱག་གཅིག་འཚལ་ཡང་གོས་ཆེན་ས་ལ་མི་འདིང་བར། །
ཐོད་ལྤགས་དེ་དག་ས་དང་རྡོ་ལ་གཏུགས་པ་ཙམ་ལ་འཇིགས་མི་བྱ། །
བླ་ཆེན་རེ་རེས་ཕྱགས་མ་བཟུང་ནས་ཁྱི་ལུད་རྟ་སྦང་འཕྱག་པ་དང་། །
མཁན་ཆེན་རེ་རེས་རྒྱུག་པ་བཟུང་ནས་གསང་སྤྱོད་གཙང་མ་བཟོ་བར་བྱ། །
ང་ཆེ་ང་བཙན་གང་ན་སུ་ཡོད་གཉོམ་ཆུང་དག་གི་གཡོག་ཏུ་རྒྱུགས། །
དེ་དག་རེ་རེ་ཚོགས་བསགས་སྒྲིབ་སྦྱོང་ཁྱད་པར་དཀོར་སྦྱོང་ཡིན་པར་སྒོམས། །
སྐུ་ངོ་དག་གིས་གཞུང་ལས་ཁང་གི་སྒོ་དང་སྒེའུ་ཁུང་གཙང་མ་བཟོས། །
དགེ་རྒན་ཆེན་མོས་སློབ་མ་དག་གི་ཨོང་མགོའི་སྐྱག་པ་བཀྲུ་བ་དང་། །
སློབ་སྤྱི་མ་ལུས་ཁུག་མ་བཟུང་ནས་སློབ་གྲྭའི་གད་སྙིགས་འཐུ་བར་བྱ། །
འདི་དག་ཐམས་ཅད་མི་རིགས་ཡར་རྒྱས་ཁོར་ཡུག་གཙང་བཟོ་ཡིན་པར་སྒོམས། །
དྲ་ཚིགས་མ་ལུས་ཡིག་ནོར་མེད་པའི་སྙན་ངག་སྒྲུང་རྩོམ་སྤེལ་བར་བྱ། །
སྐད་འཕྲིན་མ་ལུས་ཚིག་རྩུབ་མེད་པའི་ཁ་བརྡ་བསླབ་བྱས་ཁེངས་པར་བྱ། །
མི་ཡི་ལག་པར་མཚོན་ཆ་མེད་པར་ཕན་ཚུན་མེ་ཏོག་གཏོར་བར་བྱ། །
སྐྱེ་བོ་རེ་རེ་འཇིག་རྟེན་འདི་ཡི་ཞོགས་པའི་ཆུ་ཐིགས་རེ་རེར་སྒོམས། །
ལོ་སར་ཤོག་སྦག་དུ་ཞགས་འཐིབ་ཚེ་ཁ་སྣ་མ་ལུས་འགེབ་པར་བྱ། །
གནའ་བོའི་གྲོང་ལ་ཉི་འོད་ཕོག་དུས་མགྲིན་པ་བཏེགས་ནས་གླུ་ལེན་བྱ། །
ཕ་གིའི་རི་བོའི་ཕ་རོལ་ཞིག་ཏུ་དུར་ས་ཞིག་ཀྱང་སྒོམ་པར་བྱ། །
མི་ཚེ་རིང་ཡང་མི་ཚེ་ཐུང་ཡང་འཆི་བ་འདི་ཡང་གློག་བཞིན་སོམས། །
གློག་ཀླད་གྲུ་བཞིའི་མཐེབ་གཞོང་གནོན་དུས་ཁྱོད་རང་གཅིག་པོ་སྐྱོ་བར་བྱ། །
གློག་གི་རྦ་རླབས་དགུང་དུ་འཕྱུར་དུས་ངུ་ཙམ་དགོད་ཙམ་ཅིས་ཀྱང་བྱ། །
ཁེར་རྐྱང་གདུང་བ་མིག་མཐར་འཁྱིལ་དུས་སྙན་ངག་འགའ་རེ་འབྲི་བར་བྱ། །
ལོ་སར་འདི་ལ་ཅིས་ཀྱང་རོལ་ཅེས་རང་གིས་རང་ལ་བསྐུལ་བར་བྱ། །
རྒན་རྒོན་མ་ལུས་མ་ཎི་གྱེར་བཞིན་ལྷ་ཁང་རྩིག་པར་བསྙེས་པར་བྱ། །
གཞོན་པ་དག་གིས་ཆང་ཕོར་འགྱོག་བཞིན་ཆགས་པའི་མིག་ཟུང་དམར་བར་བྱ། །
བྱིས་པ་དག་ནི་སྣབས་ལུད་འཇིབ་བཞིན་ཀ་ར་སིལ་ཏོག་བརྐུ་བར་བྱ། །
ཡར་ལ་ལངས་དུས་མར་ལ་ཉལ་དུས་ཆུ་ཚོད་འཁོར་ལོར་བལྟ་བར་བྱ། །
ལོ་སར་ལོ་སར་སྒྱུ་མ་མཁན་པོའི་ལག་གི་རྫས་བཞིན་བསྒོམ་པར་བྱ། །
མི་ཚེ་མི་ཚེ་མཛེས་མ་ཞིག་གི་མེ་ལོང་བཞིན་དུ་བལྟ་བར་བྱ། །
སོ་སོ་སོ་སོ་སྟོན་ཁ་ཞིག་གི་མེ་ཏོག་རྙིད་བཞིན་བསམ་པར་བྱ། །
རེ་རེ་རེ་རེ་གསོད་སར་འཁྲིད་པའི་ལུག་ཁྱུའི་ཚུལ་ཡང་དྲན་པར་བྱ། །
འདི་ཀོ་ཤེས་ན་ཁྱེད་ལ་ཕན་ནོ་ཁྱེད་རང་སངས་རྒྱས་ག་ལ་ཡིན། །
དེ་ཀོ་རྟོགས་པས་སད་པར་འགྱུར་རོ་ཉིད་ནི་བྱང་ཆུབ་སེམས་དཔའ་མིན། །
སྙན་ངག་མཁན་དག་ཞོགས་པར་ངུ་བཞིན་སྣག་ཚ་དབུར་བའི་ལོ་སར་འདི། །
ཁྱེད་ཀྱིས་རོལ་ཅིག་བདག་གིས་རོལ་ཆོག་འུ་ཅག་སོ་སོ་སྐྱེ་བོ་དག །
2015 Dec 31, in སྙན་ངག |
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།