སྣང་བ་མཐོ་བའི་གླུ།༼ ཞར་བཀོད་བཞི་ཡོད ༽
ཡི་གེ་གངས་རི་ཅན་ཞིག་མགུལ་དུ་བཏགས་ཏེ།།
བདག་ནི་སྲིད་པའི་མཚོ་མོར་ག་ལེར་ནུབ་འགྲོ།།
མཚོ་མཐོ་སྨག་ལ་འདྲེས་པའི་གཏམ་ཡན་མ་སྨྲ།།
བསེར་བུ་སྙིང་ལ་འཁྱིལ་སྟངས་ཧ་ཅང་མངར་བ།།
རི་ཚོགས་གཟེངས་སུ་མཐོ་བའི་ཁ་ངོ་སྲུང་དུས།།
ལྷ་ཡི་བཀའ་ཆད་མ་ཁེལ་ནགས་ལོ་ཤིག་ཤིག།།
སྨན་གྱི་དྲི་ངད་ཐུལ་བའི་རྩྭ་ལོ་ལྡེམ་ལྡེམ།།
མགྲིན་པ་འདི་ཡིས་མི་བསང་གང་གིས་བསང་ཨང་།།
སྤང་མཐིལ་ཆུ་མིག་བུད་པའི་དྭངས་ཤ་འཁྱེར་ནས།།
ང་ནི་མཐོ་སྒང་འགྲིམ་པའི་གཡག་རྒོད་ཁེར་འགྲོ།།
ལ་རྩེར་དར་ལྕོག་དཀར་དམར་ལྷབ་སེ་ལྷབ་སེ།།
ཡུལ་ལ་ཞེན་པ་དཀར་བའི་སེམས་འགྱུ་ལང་ལོང་།།
གཡུ་ཡི་མེ་ལོང་ཡིན་པའི་ནམ་མཁའ་སྔོན་པོར།།
གུས་པའི་བྱད་བཞིན་ཤར་བའི་ལོ་རྒྱུས་མི་གླེང་།།
ཀི་རིང་ཐད་དུ་འདེབས་པའི་ཨ་རོགས་ཁམས་པས།།
འདོ་བ་རྟ་ཡི་གོང་ནས་སྐར་མ་འཛིན་མྱོང་།།
ཆུ་སྤྲིན་ཚུབ་ཚུབ་བཤར་སའི་ལམ་ཆེན་ཡངས་པོར།།
རྨི་ལམ་རུམ་གང་འཁྱེར་བའི་ཟླ་བ་ཨེ་མཐོང་།།
རྒྱུ་སྐར་ཚོགས་ལས་གསེར་ཁྲི་གོང་བ་མནན་དུས།།
མི་ཆུང་བདག་ནི་རི་བོང་ཁེར་འདུག་དེ་ཡིན།།
མདུན་ཐད་དུ་བལྟས་པ།
སྤྲིན་དཀར་དུམ་བུ་མགུལ་དུ་འདོགས་པ་གན་ནི།།
མིག་རྒྱང་གློད་སའི་རི་བོ་རྩེ་གསུམ་ཅན་ཡིན།།
མདང་ནུབ་ཆར་པས་སྦངས་བའི་གཏམ་བརྗོད་མི་ཁྲོལ།།
དེ་རིང་ནམ་མཁའ་སྔོ་ཞིང་དྭངས་བར་གཟིགས་དང་།།
ཉི་ཟེར་གྲིབ་ཆེན་མཉམ་དུ་ལྡང་ས་གན་ནི།།
ཆུང་དུས་རྩེ་ར་མ་ཡིན་མདུན་གྱི་རི་འདབས།།
ལྗོན་པའི་སྐེ་རྒྱན་མི་ཕུད་ཤིག་ཤིག་འགུལ་སོང་།།
སྤང་གི་མེ་ཏོག་དག་ཀྱང་ཚོད་ཚོད་བཞད་འདུག།
རི་རྐེད་དུ་བའི་ལྕང་ལོ་ཕྱུང་བ་གན་ནི།།
གཞིས་ཀྱི་འབྲོག་སྡེ་མ་ཡིན་འབྲི་གཡག་མི་མཐོང་།།
འདི་གའི་ཡུལ་མི་ཁུ་སིམ་ལྷོད་ལ་ཆགས་པ།།
ནགས་གནས་བྱེ་འུ་ཚོགས་ཀྱང་དེ་ག་རང་ཡིན།།
བྱེས་ཀྱི་ལོ་ཟླ།
སྲིད་པའི་གངས་རི་གཅིན་ཚུགས་བཟུང་བ་ང་ཡི་རྨི་ལམ་མཐའ་མ་སྟེ།།
གཞོགས་ཀྱི་མུན་པ་ལྷོག་ལྷོག་གདུ་བ་སྟོང་ཁམས་གང་གི་རྣམ་ཤེས་སོ།།
མལ་སའི་ངོས་ཀྱི་གྲིབ་མ་ནོག་པོ་ཕར་ཕར་ཚུར་ཚུར་འཁྱོམ་པ་ཉིད།།
བྱེས་ཀྱི་སྐྲ་ལོ་རླུང་གིས་གཡོ་བའི་དུས་ཀྱི་བགྲོད་པའི་ཡུད་ཙམ་ཞིག།
སྐྱ་རེངས་རེ་རེ་གདོང་ལ་བཀུ་བའི་སྒེའུ་ཁུང་དེ་ཡི་འགྲམ་ངོགས་སུ།།
སྐྱེ་བའི་གྲངས་ལ་ཐེ་འུ་བཏགས་ཏེ་རི་བོ་གང་དག་ཚོད་བརྩིས་བརྒྱབ།།
མིག་གི་སྣེ་ལ་འཆར་ཡོལ་བཏགས་པའི་ང་ནི་སུན་པས་རྨྱ་བ་འོ།།
དེ་ཡི་འཕང་གི་དཔེ་ཀློག་རིང་མོ་ངལ་བའི་ཨག་རིང་འཐེན་པ་འོ།།
ཚེ་འདི་རྫོགས་པར་ལུང་མ་བསྟན་ཡང་ཇ་ཕོར་ཁ་ཡིས་རླངས་པ་གང་།།
གདོང་ལ་ཕོག་སྟེ་ཡལ་བའི་ཆ་ལ་སེམས་ཀྱི་རྟོད་ཕུར་གདབ་པ་འོ།།
ནགས་ཀློང་གན་གྱི་རླངས་པ་བན་བུན་སེམས་ནས་འཕྱོ་བའི་མི་ཡུལ་དུ།།
འབབ་ཚུགས་ལྟ་བུ་ས་ཚིགས་མང་པོ་བརྒལ་བའི་གཉེར་རིས་ཐོད་དུ་དཀྲིས།།
གློག་སྒྲོན་རེ་རེ་མེ་ཏོག་ཡིན་ན་ས་འདིར་ཕ་ཡུལ་རྩྭ་ཐང་སྟེ།།
ང་ནི་དེ་ཡི་འཇིངས་སུ་ཞུགས་པའི་ཕྱེ་ལེབ་དཀར་དམར་སྣ་ཚོགས་སོ།།
སྨག་གི་འཇབ་རྒོལ་བར་མེད་ཐེབས་པའི་གདོང་རིས་སླར་ཡང་གསལ་གྱུར་ན།།
སྐྱེ་བ་ད་རེས་འཐིབ་འཐིབ་འཐིབ་འཐིབ་རི་བོ་སྨུག་པས་བཏུམས་པ་འོ།།
འོ་དོད་ལྟ་བུ་གླུ་སྐད་བཙའ་རོ་ངག་ནས་མི་ཐོན་སེམས་ལ་བྱིང་།།
སེམས་པའི་ཉིན་སྲིབ་གཉིས་ཀར་བཟུང་ནས་མི་ཚོགས་སྐྱོ་བ་ཆལ་ཆལ་བཟོས།།
དབྱིངས་ཀྱི་ངང་གི་མཛེས་མ་དག་ལའང་བལྟ་སྙིང་མི་བྲོ་ཕར་ཙམ་བྱོལ།།
ལས་སྐལ་འདི་ཅི་ཁྱེད་ཉིད་ཁོ་ནའི་མགོ་བོར་ཕུབ་པའི་ཉི་གདུག་ཅིག།
2015. 8. 8.
དྲན་སྣང་གི་བལ་སྐུད་འཁེལ་བ།
དྲན་སྣང་གཙང་ངོགས་སུ་བསྔོས་པའི་ཕྱི་དྲོ།།
གནམ་མཐའི་རྒྱན་ཁམས་ནི་དོག་ཙམ་སྣང་བ།།
མིག་མཐའི་ཆུ་རིས་ཀྱི་འགྲེལ་བ་གནང་སོང་།།
དགུང་གི་སྐར་མ་ཡང་བཤུམས་པ་གནང་བ།།
འཚོ་བ་ཁྲ་ཁྲ་ལ་གཤོག་པ་བརྐྱངས་བའི།།
དགུན་ཁའི་བྱ་ཁྱུ་ཡི་འཕུར་སྟངས་སེམས་ན།།
རྒྱང་རིང་རྒྱང་རིང་གི་མི་དེ་ཅི་འདྲ།
ལམ་ཟུར་རྩྭ་ཕྲན་གྱིས་ཡར་ཞུ་གནང་བ།།
ཤར་ལྷོ་མཚམས་རྟགས་སུ་བཞེངས་བའི་ལྕང་སྡོང་།།
ཚོས་སོང་དར་ལྕོག་གི་གྱོན་པ་བཀླུབས་ནས།།
འགྲུལ་བའི་ངོ་གདོང་ལ་མིག་འོད་བརླག་དུས།།
བྱམས་པ་བྱམས་པ་ཞེས་ཡང་ཡང་སྐྱོར་བ།།
ལྷགས་པས་མེ་ཏོག་གི་སྐུ་ལུས་རྙིད་པའི།།
དུས་ཚོད་བསྐྱར་སློག་གི་རྨི་ལམ་གསོ་ན།།
བརྩེ་བའི་ཁ་དར་ལ་སྤུ་རིལ་ལང་བ།།
འཇིག་རྟེན་འགྲོ་ལུགས་སུ་འགྲེལ་ན་ཨེ་བདེ།།
གཙང་ཤོག་ལོ་ཟླ་ལ་ཆུ་ཐིགས་སིམ་ཚུལ།།
ཕྲ་མཐོང་ཆེ་ཤེལ་ལས་གསལ་གསལ་མཐོང་ཡང་།།
མིག་གིས་ཡར་དེད་ཀྱི་གཟུགས་བརྙན་རྙིང་པ།།
ད་ཚོད་ཕྱེད་ཕྱེད་དེ་རལ་བ་བདེན་ནམ།།
དབྱངས་ཀྱི་དགེ་མ།
___ ཨ་ནེ་ཆོས་དབྱངས་སྒྲོལ་མར་བྲིས།
སྣང་བ་སིབ་སིབ་གང་དབྱངས་ལ་བརྒྱུས་སོང་།།
དྲན་པ་ཕྲ་ཕྲ་དེ་གར་ལ་བསྟབས་སོང་།།
དགེ་མའི་ཞལ་རས་ལས་བྱིན་རླབས་འཐོར་ཏེ།།
མི་སེམས་བྱེ་འུ་ལ་གཤོག་སྒྲོ་བཏགས་པ།།
དད་པའི་འོད་ཕུང་ལས་དབྱངས་ཞིག་འཕྱུར་ཡོང་།།
དབྱངས་ཀྱི་འཕར་རྡེབ་ལ་བརྩེ་བ་བསྣོན་ཡོད།།
མི་ཡི་ཡིད་ཁམས་ལ་གླན་པའི་ནམ་མཁའ།།
རིམ་དང་གཅིག་ཅར་གྱིས་བབས་སྟངས་ཨེ་ཤེས།།
ཕྱག་སོར་ཡར་བཀྱགས་དང་མར་ཕབ་རེ་ཡིས།།
གདངས་ལ་རམ་འདེགས་ཀྱིས་ངར་ཁ་ལྡུད་ཡོང་།།
གནམ་སའི་ལྷིང་འཇགས་ལ་བྱིན་རླབས་འདྲེན་པའི།།
དགེ་མའི་གཟི་བྱིན་ལ་ཉི་མ་འཚེར་འདུག།
གློག་འོད་ཟིམ་ཟིམ་དུ་འཕྲོ་བ་འདི་ཀོ།།
ངག་གིས་མར་མར་དུ་འཐེན་པ་འདྲ་བོ།།
ཉིད་ཀྱི་ཞབས་བཀྱག་གི་ཟུར་ངོས་ཀུན་ནས།།
འཁོར་བའི་མི་སེམས་ལ་ལྷོད་ཆ་ཕབ་སོང་།།
ཚེ་ཕྱེད་ཕར་ཡོལ་ལ་སྐུ་རྐྱང་བཞུགས་ཤག།
བྲང་གི་ནུ་འབུར་ལ་ཆ་སྙོམ་བྱུང་ངམ།།
བདག་མེད་དྭ་ཕྲུག་ལ་བརྐྱངས་བའི་ཕྱག་ཟུང་།།
དྭངས་གཙང་ཆུ་ཤེལ་གྱི་ངོས་གཞན་ཡིན་ཨང་།།
གཞན་ཡུལ་ས་མཐའ་ཡི་སྨྲེང་བ་སྒུམ་དུས།།
ཡུལ་པོའི་སྣང་བ་ཡིས་ཞེ་ལ་བརྣག་གམ།།
མི་ཚོགས་སེམས་རྒྱུད་ལ་འཇའ་བཞིན་ཟུག་པའི།།
མཚན་ཙམ་བོས་པས་ཀྱང་རྒུད་པ་བསལ་འགྲོ།།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།