རྒྱབ་གཟུགས།༼ ཞར་བཀོད་བཞི་ཡོད ༽
འོ་མའི་ཐིག་ཅིག་བྲན་ཡོད།།
ཐིག་རིས་ཨ་ཏྲ་པ་ཏྲ།།
མཐུན་པའི་ཨ་ལོང་ནང་དུ།།
མངར་ཁ་གྱུ་ལེར་ལྷུང་བ།།
སྙིང་གི་ཟེ་བ་དམར་མོ།།
ཚོར་བར་བཟི་ཁ་ལམ་སེ།།
ལག་པའི་མཐིལ་ལ་འཇོག་དུས།།
སྣང་བའི་ཕ་རོལ་ཕ་རོལ།།
བདེ་བས་ཟིན་པར་སྙམ་པ།།
དྲན་པའི་དར་སྐུད་མདུད་དོ།།
མིག་ཟུང་བུང་བ་ཆ་གཅིག།
འཇའ་ཚོན་རི་མོར་འཁྱུད་པ།།
རྨི་ལམ་གར་གྱི་མཚོ་མོར།།
ཁྲུས་ལ་རོལ་བའི་སྣང་ཡན།།
ཞེན་པའི་འདྲུད་ཐག་བྱས་སོ།།
གཏམ་གྱི་མདའ་མོ་ཤན་མས།།
སྙིང་ཆུང་བུམ་པའི་དཀྱིལ་ལ།།
ཡང་ཡང་བརྩེགས་པའི་རྨ་ཁར།།
ཐོད་པའི་ཨ་ཡིག་དཀར་པོ།།
མི་འགྱུར་གཏན་དུ་སྦས་ཡོད།།
ལས་ཀྱི་རྡེའུ་དཀར་བབ་ན།།
གཏན་ཚིག་ལྕགས་རི་ལོས་སྐོར།།
འཚོ་བའི་དགའ་སྐྱོ་སིལ་མ།།
མཉམ་རོལ་ཚོར་བའི་ངོས་ན།།
སྐྱིད་སྡུག་རི་མོ་གཅིག་ཡིན།།
རེ་བའི་མཚོ་ཆུང་ནོར་བུ།།
ཡར་ཡར་བྲུག་ནས་ཐོན་དུས།།
མཚོ་འགྲམ་ངང་ཆུང་སེར་ལོ།།
དགུང་སྔོན་ཕ་མཐའ་ཞིག་ལ།།
གཤོག་འགྱུར་ངོམ་སྟེ་འཕུར་སོང་།།
ཡིད་ཙམ་རོལ་བའི་འཇིག་རྟེན།།
གང་ནས་བོར་སོང་ཆ་མེད།།
ཕྱིར་དྲན་སྐྱོ་བའི་ན་བུན།།
སེམས་ཀྱི་རི་འདབས་དེ་གར།།
བན་བུན་རྒྱུ་བ་སུས་ཚོར།།
2015/8/6
གྲིབ་མ་ཁེར་བུ།
ས་གཞི་སྔོ་ལྗང་མེ་ཏོག་དག་ནི་ཁྲ་ཆིལ་ཆིལ།།
སྤྲིན་པ་ལང་ལོང་ཉི་འོད་སེར་པོ་མཐའ་ལ་ཟུག།
ཁེར་སྣང་བན་བུན་རླུང་བུའི་རྟ་ལ་ཞོན་ཏེ་ཆས།།
སྐྱོ་བ་བསིལ་མོ་ཚོར་བའི་ཁུངས་སུ་འདར་ཞིང་རྒྱུ།།
ཐད་ཀའི་རི་བོ་ཚུར་ཚུར་གཅར་ཏེ་མིག་ལ་ལྷུང་།།
རི་བོའི་ཕ་རོལ་སེམས་པས་ཉུལ་ན་ཕ་ཡུལ་ཏེ།།
ཚོར་བའི་མཛོད་ན་རྒུན་ཆང་མངར་མོོ་དེ་ཡིན་དེ།།
ས་མཐའི་སྙན་ངག་ག་ཚོད་ཅིག་གི་ནང་རྟེན་ནོ།།
ཕྱིར་དྲན་མག་མོག་བྱིས་དུས་རྩེད་རའི་བྲོ་གར་ཏེ།།
རྒས་པའི་ངག་ན་ང་རྒྱལ་དང་བཅས་འུར་འུར་བརྡོལ།།
བསམ་ཞིང་བཙལ་ན་ཚོར་བ་དྭངས་ཤ་ཅན་ཞིག་ཏེ།།
དྲན་པའི་མེ་ལོང་ཡང་ཡང་སྒུལ་བའི་ཤུགས་ཅན་ནོ།།
མི་ཚོགས་ཁྲ་ཁྲས་ལམ་མདོ་དག་ནི་སྦྲེལ་ཏེ་འགྲོ།།
དགོད་སྒྲ་འུར་འུར་མཚར་གཏམ་རི་མོ་འཛུམ་ལ་བྲིས།།
གྲིབ་མའི་འོག་གི་སེམས་འགྱུ་ལྡོམ་པོའི་ཤར་ཆ་དག།
སྒེའུ་ཁུང་འགྲམ་ནས་དེ་ལྟར་བཞག་སྟེ་བུད་ལ་འགྲོ།།
སྣུམ་ལམ་ཁྲ་བོ་གང་སར་འཐེན་ཡོད་འོད་ཀྱི་ལམ།།
ཆར་བ་བབ་པའི་རྗེས་དེར་བུད་འགྲོ་གྲང་ཤུར་ཤུར།།
མེ་ཏོག་བཞད་སའི་སྤང་ཞིག་མཐོང་བ་གང་ཟིག་རེད།།
ང་ཡི་རྐང་རྗེས་རྒྱང་ན་ཡོད་དེ་འདི་གར་མེད།།
ཕར་ཁའི་འཚོ་བ་བརྙན་རིས་ཙམ་དེ་ལྟད་མོ་ཙམ།།
དྲན་པའི་ལོ་མ་ནང་དུ་བསྐུམས་ན་ཚོར་བའི་མཛོད།།
གྲིབ་གཟུགས་ཁེར་བུ་གང་སར་འགྲེང་བ་དེ་ན་དེ།།
ང་ཡི་འཇིག་རྟེན་རྒྱང་ན་ཡོད་པའི་རྐང་རྗེས་ཡིན།།
2015/7/25
གཟེབ་ཚོར།
རི་བོ་སྨུག་པའི་གསེབ་ཏུ་ཉལ་བ།།
ཉི་ཟེར་ཚ་བའི་མདའ་མོར་བྲོས་སམ།།
སྤྲིན་པའི་སྙིང་གི་མཆི་མ་ཐིགས་གཅིག།
ས་གཞིའི་གཙུག་ལ་སིམ་སིམ་བབས་སོ།།
ཕ་གི་ནགས་ཚལ་ཤིག་ཤིག་གཡོ་བས།།
རི་དྭགས་ཚོགས་ལ་སྔངས་སྐྲག་བསླངས་བ།།
འཁོར་བར་ཞེ་བཅད་འབོར་ལ་ཁད་ཀྱི།།
ཞེད་སྣང་རྨི་ལམ་གང་སར་ཡལ་སོང་།།
ལྗོན་ཤིང་ཚོགས་ཀྱང་ལྕིག་ལྕིག་འདར་བས།།
བྱེའུ་ཆུང་གཤོག་སྒྲ་རླུང་ལ་བསྐུར་སོང་།།
ཟིན་དུ་མེད་པའི་སྟོང་བསམ་མོད་པོ།།
ངེས་མེད་འཚོ་བའི་ཁུད་ནས་བོར་སོང་།།
མཚོ་འགྲམ་མེ་ཏོག་ཁྲུས་ལ་རོལ་བས།།
ས་གཞིའི་གདོང་གི་འཛུམ་མདང་གྲོལ་སོང་།།
མཛེས་པའི་ལང་ཚོའི་གཤོག་པར་འཇུས་ཏེ།།
སྟོང་བསམ་མོད་པོས་འཇིག་རྟེན་བཞེངས་སོ།།
སྤྲིན་པའི་སྙིང་གི་ཆུ་ཐིགས་བཟོས་ཏེ།།
རྩི་ཤིང་ཚོགས་ལ་བྲབས་ཙམ་བྱས་སོང་།།
དུང་བའི་ཁམས་སུ་ཉལ་བའི་སེམས་པ།།
སྐྱོ་གཞས་ལྷོད་པོས་དཀྲུག་དཀྲུག་བྱས་སོ།།
འཇའ་ཟེར་ཐིག་ལེ་འཐོར་ཤུལ་དེད་པའི།།
ཕར་ཕར་འཐེན་པའི་རྐང་རྗེས་གོར་མོ།།
སྲིད་པའི་གཡང་གཟར་འཕྲང་ལ་སླེབས་པ།།
ཚོར་བའི་མདུད་པ་གྲོལ་སྟངས་ཤིག་གོ།
མི་ཚོགས་ལམ་མདོའི་ཉི་མར་ལྡེ་བ།།
འཁོར་བའི་བྲེལ་བ་འཇོག་ཚུལ་ཡིན་ན།།
འུར་འུར་བཤད་པའི་གཏམ་གྱི་འཁོར་ལོ།།
ཞེན་པའི་ཁམས་ནས་འབོར་ཚུལ་ཡོད་དམ།།
ལོ་ཟླའི་ཨ་ལོང་སྦྲེལ་མཚམས་མེད་པར།།
འཚོ་བའི་མངའ་ཐང་སྲོག་གིས་སྐྱོངས་བ།།
རྨི་ལམ་ཞིང་གི་རེ་འབྲས་ཕོན་གཅིག།
སྟོང་བའི་ཁམས་ལ་འུར་གྱིས་སྤུར་རོ།།
2015/5/3
སྣང་ཡན།
སྣང་བ་ཡར་ཡར་གྲོལ་བས།།
སྤྲིན་པའི་རྟ་ཕོར་བཅིབས་ཏེ།།
ལྷོ་མཐའི་ཞིང་ཁ་ཞིག་ལ།།
ཚོར་བའི་མེ་ཏོག་གད་སོང་།།
ཁེར་གཞས་རླུང་བུས་ཁྱེར་དེ།།
མུན་པའི་ཞྭ་མོར་གྱུར་བས།།
ས་མཐའི་རྨི་ལམ་གཉོམ་པོ།།
སྔངས་འདར་ཁྲོད་ན་ལྷག་ཡོད།།
འདུ་འབྲལ་སྙིང་གི་གས་སྲིབ།།
རི་ཆུའི་ལྟེབ་གཉེར་ཕག་ན།།
བརྩེ་བའི་དྲོད་ཁོལ་ཡལ་ཏེ།།
ས་གཞིའི་མཐུལ་ལ་ལྷུང་འདུག།
ཉི་འོད་རི་རྩེར་འདར་དུས།།
མིག་ཞགས་གང་སར་ལྷག་ཡོད།།
སྐྱོ་སྣང་ཤུགས་གླུ་གཉོམ་པོས།།
ཁེར་ཤག་སྒེའུ་ཁུང་བརྙེགས་སོང་།།
རི་ཚོགས་ཕར་ཕར་མ་བྲོས།།
སྐྱོ་གླུ་བྲག་ཅར་འཁྱུད་སོང་།།
གཙང་འགྲམ་མེ་ཏོག་ཁེར་བུ།།
འཁྱམས་པོའི་ལམ་གྲོགས་ཨེ་ཉན།།
རླུང་བུའི་ཤུལ་སྒྲར་ཉན་ན།།
ཚོར་བའི་མེ་ཕུང་འཕྱུར་ཡོང་།།
ཚུར་ཚུར་བཅར་བའི་གྲིབ་མ།།
སྐྱོ་སྣང་མེ་རུ་སྒྲོན་རོགས།།
གནམ་མཐའི་འདྲེས་མཚམས་དེ་ལ།།
སེམས་པས་དཀྱུས་གཅུག་དཀྱུས་གཉིས།།
མདུན་གྱི་ལམ་ཕྲན་རྙིང་བར།།
རྡོག་སྣེ་ཐོགས་ཚོད་རེད་དོ།།
2015/5/21
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།